06

འཁྲུག་ཆ་དོད་པའི་ཡར་ཀླུང་ཚོང་འདུས། 2024年12月18日

① འདི་ནི་འཛད་སྤྱོད་པས་ཤིང་ཕོར་འདེམས་བཞིན་པ།

② འདི་ནི་དྲ་ཐོག་ཚོང་དོན་གྱི་སྙན་སྒྲོག་པ་གཙོ་བོས་ཐད་གཏོང་བརྒྱུད་ཐོན་རྫས་འོས་སྦྱོར་བྱེད་བཞིན་པ།

③ འདི་ནི་ཚོང་པས་ཉོ་མཁན་འགུག་བཞིན་པ།

④ འདི་ནི་ཚོང་འདུས་ཐོག་གི་ཚགས་ཤ་སྐམ་པོ་འཚོང་མཁན་ཡིན་པ།

⑤ འདི་ནི་ཤིན་ཅང་གི་ཚོང་པ་ཝུའུ་པུའུ་ལི་ཁ་རེ་·ཨ་ཐི་ཡིས་ཇ་ཚོང་བཞིན་པ།

⑥ འདི་ནི་ཚོང་པས་སྐུ་མགྲོན་ལ་རླངས་འཁོར་གྱི་ནུས་པ་ངོ་སྤྲོད་བྱེད་བཞིན་པ།

⑦ འདི་ནི་སྙན་སྒྲོག་པ་གཙོ་བོས་ཕྱི་རོལ་དུ་ལྷོ་ཁའི་ཚོང་འདུས་ཐད་གཏོང་བྱེད་བཞིན་པ།

⑧ འདི་ནི་ཚོང་པ་དང་སྐུ་མགྲོན་གྱིས་ཚོང་སྒྲིག་བཞིན་པ།

⑨ འདི་ནི་ལྗོངས་ཕྱིའི་སྨྱན་སྦྱོར་ལས་སྟེགས་ཀྱིས་དྲ་ཐོག་ཐད་གཏོང་བརྒྱུད་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འདུས་སྟོན་བཞིན་པ།

⑩ འདི་ནི་འཛད་སྤྱོད་པས་ཚོང་ཟོག་ཉོ་བཞིན་པ།

ཟླ་12ཚེས་1ནས་7ཉིན་བར། “འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་ར་འཁྲུག་ཏུ་གཏོང་བ། འབབ་འཕར་ལ་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་གཙོ་བོར་བྱས་པའི་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འདུས་སྣེ་གདོང་ཆུས་ལོ་ཆུང་རོང་དུ་འཚོགས་པ་རེད།

ད་ཐེངས་ཀྱི་ཚོང་འདུས་ལ་བསྡོམས་ཁྲོམ་བཀྱག་3500བཀོད་སྒྲིག་བྱས་ཡོད་པ་དང་། ལྷོ་ཁའི་རྫོང(ཆུས་དང་གྲོང་ཁྱེར)12དང་དེ་བཞིན་ཉེ་འཁོར་གྱི་གྲོང་ཁྱེར་དང་ས་ཁུལ་གྱི་ཚོང་དུད(ཞིང་འབྲོག་པ)ཕུད། ད་དུང་ནེ་པ་ལ་དང་། འབྲུག་ཡུལ། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་ཚོང་དུད་དང་། ཐའེ་དབན་དང་། ཀོང་ཤིས། མཚོ་སྔོན་སོགས་རྒྱལ་ནང་གི་ཚོང་དུད་ཀྱང་འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་འཛད་སྤྱོད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་འགྲེམས་ཚོགས་ཀྱི་ཕྱིར་ཚོང་དངུལ་འབོར་མང་དུ་གཏོང་ཆེད། བསྡོམས་ཆེད་སྤྱོད་མ་དངུལ་སྒོར་ཁྲི་600སྤྱི་འདོམས་བྱས་ནས་ཡུལ་དངོས་སུ་འཛད་སྤྱོད་ཀྱི་ཚད་གཞི་ལོན་ཚེ་ཟོག་གོང་གཅོག་པ་དང་རླངས་འཁོར་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་རིང་འཛད་སྤྱོད་པས་རླངས་འཁོར་གསར་པ་ཉོ་སྐབས་རླངས་འཁོར་རྐྱང་པའི་རིན་གོང་དེ་ཚད་གཞིའི་རིན་གོང་དུ་བྱས་ནས་རིམ་པ་4བཟོས་ཤིང་། སྒོར་ཁྲི་10མན་གྱི་རླངས་འཁོར་ཉོས་ན་ཁ་གསབ་སྒོར་6000དང་། སྒོར་ཁྲི་10(ཚུད་པ)ཡན་དང་སྒོར་ཁྲི་20(ཚུད་མེད་པ)མན་གྱི་རླངས་འཁོར་ཉོས་ན་ཁ་གསབ་སྒོར་12000 སྒོར་ཁྲི་20(ཚུད་པ)ཡན་དང་སྒོར་ཁྲི་30(ཚུད་མེད་པ)མན་གྱི་རླངས་འཁོར་ཉོས་ན་ཁ་གསབ་སྒོར་18000 སྒོར་ཁྲི་30(ཚུད་པ)ཡན་གྱི་རླངས་འཁོར་ཉོས་ན་ཁ་གསབ་སྒོར་24000བཅས་སྤྲོད་ཀྱི་ཡོད་པ་རེད།

ད་ལོའི་ཚོང་འདུས་སུ་ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཕྱི་ནང་གི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་སྙན་སྒྲོག་པ་གཙོ་བོ་གདན་དྲངས་པ་དང་འབྲེལ། ཝུའུ་ཧན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་མཉམ་ལས་ཀྱིས“ས་གནས་ས་ཐོག་ཏུ་ཐད་གཏོང་བྱེད་པ་དང་ལྗོངས་ཕྱིར་མཛོད་བཙུགས་ཟོག་གཏོང”གི་བྱེད་སྟངས་སྤྱད་པ་བརྒྱུད། ཐད་གཏོང་ཟོག་ཚོང་ལ་ཤུགས་བརྒྱབ་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་བཏང་སྟེ་ལྗོངས་ཕྱི་ནང་དུ་ཡར་ཀླུང་ཚོང་འདུས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་ཤུགས་ཆེན་བཏང་བ་རེད།

གླེང་རིན་ཡོད་པ་ཞིག་ནི། ཐད་གཏོང་ཟོག་ཚོང་བྱེད་སྐབས། སྣེ་གདོང་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཆུས་ཀྲང་བསོད་ནམས་ཕུན་ཚོགས་ཀྱིས་ཀྱང་ཐད་གཏོང་ཁང་དུ་ཡོང་ནས་ཞིང་ལས་ཐོན་རྫས་འཚོང་རོགས་བྱས་ཏེ། ལྷོ་ཁའི་ཁྱད་ལྡན་ཐོན་རྫས་དྲ་ཐོག་ཏུ་སྔར་བས་བྲིན་ཁ་རྒྱུག་པོ་ཡོང་བར་བྱས་པ་རེད།