02

བྲག་ཡིབ་ཆུས་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས། རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་ཀོང་ཏུང་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་པ། 2024年12月17日

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། དུས་རབས་གསར་པའི་ལས་བྲལ་དང་རྒན་ཡོལ་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་བྲག་ཡིབ་ཆུས“དབུ་དཀར་འོད་འཚེར”གྱི་དང་བླངས་ཞབས་ཞུའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་ཆེད། ཉེ་ཆར། བྲག་ཡིབ་ཆུས་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་ལས་གྲུབ་པའི“དབུ་དཀར་འོད་འཚེར”གྱི་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཏེ་ཀོང་ཏུང་ཞིང་ཆེན་དུ་རྟོག་ཞིབ་དང་སློབ་སྦྱོང་གི་བྱེད་སྒོ་སྤེལ་བར་བསྐྱོད་ནས་ཀོང་ཏུང་ཞིང་ཆེན་གྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་ཀའི་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་དང་མིག་དཔེར་འཛིན་ཡོད།

བྱེད་སྒོ་སྤེལ་རིང་། ལས་བྱེད་པ་རྒན་གྲས་ཚོས་ཀོང་ཏུང་ཞིང་ཆེན་གྱི་ལས་བྱེད་པ་རྒན་གྲས་སློབ་ཆེན་དང་། ཀོང་ཀྲོའུ་གྲོང་ཁྱེར་ལས་བྱེད་པ་རྒན་གྲས་ཀྱི་བྱེད་སྒོའི་ལྟེ་གནས། ཀོང་ཀྲོའུ་གྲོང་ཁྱེར་སླིས་དབན་ཆུས་ལས་བྱེད་པ་རྒན་གྲས་ཀྱི་བྱེད་སྒོའི་ལྟེ་གནས། ཀོང་ཀྲོའུ་གྲོང་ཁྱེར་ནན་ཧྲའ་ཆུས་ཀྲུའུ་ཅང་ཁྲོམ་གཞུང་གི་ཏང་ཡོན་རྒན་གྲས་ཀྱི་ལས་དོན་ཁང་སོགས་ལ་སྔ་རྗེས་སུ་ལྟ་སྐོར་བྱས་པ་རེད། ས་གནས་གང་དུ་སླེབས་ཀྱང་། ལས་བྱེད་པ་རྒན་གྲས་ཚོས་འགྲེལ་བཤད་ལ་ནན་ཏན་ངང་ཉན་པ་དང་། ས་གནས་ས་ཐོག་ཏུ་བཞུགས་མོལ་སྤེལ་རེས་བྱས་ནས། ཡུལ་དེའི་དུས་རབས་གསར་པའི་ལས་བྲལ་དང་རྒན་ཡོལ་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དང་། ཏང་ཡོན་རྒན་གྲས་ཀྱི་སློབ་སྦྱོང་སློབ་གསོ། ལས་བྱེད་པ་རྒན་གྲས་ཀྱི་དང་བླངས་ཞབས་ཞུ་སོགས་ཕྱོགས་ཁག་གི་སྔོན་ཐོན་ཉམས་མྱོང་དང་བྱ་ཐབས་གསར་གཏོད་ལ་རྒྱུས་མངའ་ཞིབ་ཕྲ་ལོན་པ་བྱས་པ་རེད།

ལས་བྱེད་པ་རྒན་གྲས་ཚང་མས་ད་ཐེངས་ཀྱི་ཕྱིར་སྐྱོད་རྟོག་ཞིབ་དང་སློབ་སྦྱོང་གི་བརྗོད་བྱ་ཁ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་པོ་འདུག་པས། མཐོང་རྒྱ་དང་བསམ་ཕྱོགས་ཆེ་རུ་སོང་བ་མ་ཟད། མིག་རྒྱང་ཡངས་སུའང་ཕྱིན་སོང་། ས་ཡུལ་དངོས་ལ་རྟོག་ཞིབ་དང་སྤེལ་རེས་བྱས་པ་བརྒྱུད“རྒས་དུས་ལས་རྒྱུ་ཡོད”ཅེས་པར་རྒྱུས་མངའ་གཏིང་ཟབ་ལོན་སོང་ཞེས་བཤད།

(དངོས་སྦྱོང་སློབ་མ་བསྟན་འཛིན་དོན་གྲུབ་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)