02

རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས། སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”ཡག་པོ་སྤྱད་དེ་ས་ཁང་ཁྲོམ་ར་འཕེལ་རྒྱས་ཡག་པོ་འགྲོ་བར་སྐུལ་འདེད་བཏང་བ། 2024年12月16日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ད་ལོ་ཚུན་དུ། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཐབས་ཇུས་གནད་སྨིན་བཏོན་ནས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁང་པ་དུས་ལྟར་རྩིས་སྤྲོད་པར་འགན་ལེན་བྱེད་པའི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་གང་མགྱོགས་གཏོང་བ། ས་ཁང་སྲིད་ཇུས་ལེགས་སྒྲིག་ལེགས་གཏོང་སོགས་ཁྲོམ་ར་བརྟན་དུ་གཏོང་བའི“སྣ་འདུས་ཐབས་བཟང”ལག་ལེན་བསྟར་བ་བརྒྱུད། གསོག་འབོར་སྲིད་ཇུས་དོན་འཁྱོལ་ལ་ཕན་འབྲས་ཐོན་པར་སྐུལ་འདེད་མུ་མཐུད་བཏང་སྟེ། གདེང་ཚོད་ཆེ་རུ་དང་། ཁྲོམ་ར་བརྟན་པོ། ཉེན་ཁ་འགོག་པ་བཅས་བྱས་ནས། འཛད་སྤྱོད་ཀྱི་གཏིང་ཤུགས་བཏོན་ཏེ་ས་ཁང་ཁྲོམ་ར་ཆག་མཚམས་བཞག་ནས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ད་ལོའི་དུས་ཚིགས་གསུམ་པར། ལྗོངས་ཡོངས་ཀྱི་ཚོང་སྒྱུར་ཁང་པའི་བྲིན་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་37.27དང་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་31.99ཟིན་པ་དེ་དུས་ཚིགས་གཉིས་པ་ལས་ཁག་སོ་སོར་5.1%དང་7.4%འཕར་ཡོད།

རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས《སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ནུས་པ་དེ་བས་ཆེ་བ་བཏོན་ནས་སྡོད་ཁང་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས》བཀྲམ་སྟེ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་དེ་བས་ཆེ་རུ་བཏང་ཡོད། སྤྱི་གསོག་མ་དངུལ་དང་ཚོང་ལས་དངུལ་ཁང་ཟུང་འབྲེལ་གྱི་སྣ་འདུས་དངུལ་བུན་གཏོང་བའི་ཚོད་ལྟ་ཁྱབ་གདལ་བཏང་སྟེ། རྒྱལ་ཡོངས་ཀྱི་སྤྱི་གསོག་མ་དངུལ་དང་ཚོང་ལས་དངུལ་ཁང་ཟུང་འབྲེལ་གྱི་ཞིང་ཆེན་བརྒལ་བའི་མི་སྒེར་གྱི་སྡོད་ཁང་གི་སྡེབ་སྒྲིག་དངུལ་བུན་ཐོག་མ་སྒོར་ཁྲི་166བདེ་བླག་ངང་བཏང་ཡོད། དྲ་སྦྲེལ་དང་སྤྱི་གསོག་མ་དངུལ་ཟུང་འབྲེལ་གྱི་ཞབས་ཞུར་སྐུལ་འདེད་བཏང་བས། “13+7”གྱི་སྒྲུབ་མང་བའི་ལས་སྒོ་ཞིང་ཆེན་བརྒལ་ནས་སྒྲུབ་གཉེར་དང་། ལས་བྲལ་དང་ལས་ཁྱུར་ངལ་གསོ་བརྒྱབ་རྗེས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་ཟླ་རེའི་ཉེན་བྱོལ་སོགས་སྒྲུབ་མང་བའི་དོན་ཚན་ཁག་6“དཔྱད་ཡིག་མེད་པ”དང་ངོ་གཏུག་མི་དགོས་པར་སྒྲུབ་ཐུབ་ནས། དྲ་ཐོག་ཏུ་ལས་སྒོ་གཉེར་གྲངས་ཁྲི་31.49ཟིན་ཡོད། དུས་ཚིགས་གོང་མ་གསུམ་པོར། ལྗོངས་ཡོངས་སུ་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་ཚད་སྒོར་དུང་ཕྱུར་110.34ཟིན་པ་དང་། སྤྱི་གསོག་མ་དངུལ་འདོན་ཚད་སྒོར་དུང་ཕྱུར་82.12ཟིན་པ། སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་20.86ཟིན་ཡོད།

དེ་དང་ཆབས་ཅིག རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་གྲོང་ཁྱེར་གྱི་དོན་དངོས་ལ་གཞིགས་ནས་སྲིད་ཇུས་བཏོན་ཏེ། གྲོང་ཁྱེར་སྲིད་གཞུང་ལ་ལེགས་སྒྲིག་དང་ཚོད་འཛིན་གྱི་རང་བདག་དབང་ཆ་གང་ལེགས་སྤྲད་པ་དང་སྦྲགས། གྲོང་ཁྱེར་དང་ས་ཁུལ་ཁག་ལ་སོ་སོའི་དོན་དངོས་ལ་གཞིགས་ཏེ་སྲིད་ཇུས་འདོན་པ་དང་ས་ཁང་སྲིད་ཇུས་ལེགས་སྒྲིག་བྱེད་པ། འཕར་ཚད་ལ་ཚོད་འཛིན་ནན་པོ་དང་། གསོག་འབོར་ལེགས་སྒྲིག སྤུས་ཚད་ལེགས་གཏོང་བཅས་བྱེད་པ། ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་ལེགས་སུ་གང་མགྱོགས་གཏོང་བ། ཁང་པ་ཉོ་བའི་ཁ་གསབ་སྤྲོད་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཁྲོམ་རའི་གདེང་ཚོད་ཆེ་རུ་གཏོང་བར་མཛུབ་ཁྲིད་བྱས་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན། ལྗོངས་ཡོངས་ཀྱིས་ཁང་པ་ཉོ་བའི་ཁ་གསབ་དངུལ་སྒོར་དུང་ཕྱུར་4སྤྲད་པར། ཁང་པ་ཉོ་མཁན་ཁྱིམ་ཚང་10307ལ་ཕན་པ་ཐོབ་སྟེ། ཁང་པ་ཉོ་བའི་འཛད་སྤྱོད་ཀྱི་གཏིང་ཤུགས་དེ་བས་ཆེ་བ་འཕེལ་བར་བྱས་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། དམ་ཆོས་དང་ཚེ་ལྷས་ཞུས)