འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། རང་སྐྱོང་ལྗོངས་རྒན་རྒོན་ལས་དོན་ཨུ་ལྷན་གྱིས་གཅིག་སྡུད་ལེགས་སྒྲིག་བྱས་རྗེས་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་རྒན་རྒོན་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ལི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། དུས་བབ་གསར་པའི་རྒན་རྒོན་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འགན་འཁྲི་དང་བརྩེ་སེམས་ཆེན་པོས་རྒན་རྒོན་བྱ་གཞག་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་སྟེ། རྒྱ་ཆེའི་རྒན་རྒོན་མང་ཚོགས་བདེ་སྐྱིད་ཁམས་བཟང་ཡོང་བར་འགན་ལེན་ནུས་ལྡན་བྱེད་དགོས་པ་དང་། འགན་འཁྲིའི་ངེས་གནས་ཁ་གསལ་བཟོ་བ་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ། དུས་རབས་གསར་པའི་རྒན་རྒོན་བྱ་གཞག་གི་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པ་དང་། རྒན་རྒོན་ལས་དོན་གྱི་གཙོ་གནད་ལས་འགན་དོན་འཁྱོལ་གཏིང་ཟབ་བྱེད་པ། ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྒན་རྒོན་གྱི་མཛའ་གྲོགས་རྣམ་པའི་སྤྱི་ཚོགས་སྐྲུན་དགོས། སྡེ་ཚན་དབར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་དང་། རྒན་རྒོན་གྱི་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཏན་ཏིག་དང་ནུས་ལྡན་གྱི་ལས་ཀའི་བྱེད་ཐབས་སྤྱད་ནས་རང་ལྗོངས་ཀྱི་རྒན་རྒོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་བྱས་པ་རེད།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་སྒྲོན་ལགས་ཀྱིས་ཞུས)