ཟླ་12ཚེས་11དང་12ཉིན་པེ་ཅིང་དུ་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ཧུར་ཐག་གཏོད་པའི་གསལ་བརྡ་གལ་ཆེན་བཏང་བ་ལས། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་2024ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2025ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་བྱས་པས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། འགལ་རྐྱེན་ཁྱད་བསད་བྱེད་པ། སྲིད་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་ཧུར་ཐག་བཅས་བྱས་ཏེ། ཕྱོགས་ཁག་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་ཧུར་ཐག་འགྱུར་བ་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ནོར་སྲིད་མཚལ་ཡིག་གི་ཚད་གཞི་མཐོ་རུ་བཏང་སྟེ། ནོར་སྲིད་ཀྱི་སྲིད་ཇུས་ལ་རྒྱུན་མཐུད་ཤུགས་རྒྱག་པ་དང་དེ་བས་ནུས་ལྡན་ཡོང་བར་འགན་ལེན་བྱེད་དགོས། ནོར་སྲིད་ཀྱི་གཏོང་ཆ་ཆེ་རུ་གཏོང་བ་དང་གཙོ་གནད་ཁྱབ་ཁོངས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལིའུ་ཝུའུ་ཡིས། ང་ཚོས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་ཚོགས་འདུའི་དགོངས་དོན་དེ་སྔོན་རྩིས་བཀོད་སྒྲིག་འཆར་འགོད་དང་། ནོར་སྲིད་སྲིད་ཇུས་གཏན་འབེབས། ནོར་སྲིད་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱེད་དགོས། ཡོང་འབབ་ཐད་ནང་ཁུལ་ནས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ས་གནས་ཀྱི་ནོར་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ནོར་སྲིད་ཡོང་འབབ་མང་དུ་གཏོང་དགོས། གཏོང་སྒོའི་ཐད“ཏང་སྲིད་ལས་ཁུངས་ཀྱིས་གཏོང་མཁས་སྤྱོད་མཁས་ཀྱི”བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོར་ཚོད་འཛིན་ནན་པོ་བྱེད་དགོས། དུས་མཚུངས་སུ་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པར་སྔར་ལས་མཐོང་ཆེན་དང་། ནོར་སྲིད་ཀྱི་མ་དངུལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་ཤུགས་གཅིག་སྡུད་བྱས་ནས། འཐབ་ཇུས་གལ་ཆེན་དང་། སྒྱུར་བཅོས་གལ་ཆེན། ཁྱབ་ཁོངས་གལ་ཆེན། རྣམ་གྲངས་གལ་ཆེན་སོགས་ཀྱི་གཏོང་སྒོར་འགན་ལེན་བྱེད་པ། འཐབ་ཇུས་ལས་འགན་གལ་ཆེན་དང་གཞི་རྩའི་དམངས་འཚོར་ནོར་ཤུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ཏེ། བེད་སྤྱད་པའི་དངུལ་ཡོད་དོ་ཅོག་ལ་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བརྗོད།
“‘འོས་འཚམ་ལྷུག་ཏུ་གཏོང་བའི་དངུལ་ལོར་སྲིད་ཇུས་ལག་ལེན་བསྟར་དགོས་པའི’སྐོར་གྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་སྤྱི་ཁོག་སྙོམས་སྒྲིག་གི་ཁ་ཕྱོགས་ལས་ཁྲོམ་རའི་སྔོན་དཔག་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་ཤུགས་ཆེན་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཤུགས་ཆེན་པོ་ཞིག་སྦྱིན་ཡོད”ཅེས་ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ཕྱོགས་བསྡུས་ཁོའོ་ཡི་ཁོའོ་ཀྲང་ཁྲེན་ཝུན་ཁེ་ཡིས་དེ་ལྟར་བརྗོད་པ་དང་། ཁོང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་བྱེད་མགྱོགས་སུ་གཏོང་བ་དང་། གསོག་འབོར་དང་འཕར་འབོར་གྱི་སྲིད་ཇུས་ནུས་འབྲས་སྡེབ་ལ་ཐོན་ཐུབ་པར་སྤྱི་འདོམས་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། གཙོ་གནད་རྣམ་གྲངས་འཆར་འགོད་དང“གལ་ཆེན་གཉིས”སོགས་ཀྱི་རྣམ་གྲངས་འདུན་ཞུ་ཧུར་ཐག་བྱེད་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་ཡག་པོ་བཏོན་ནས་མཚོན་རྟགས་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད།
ཚོགས་འདུའི་ཐོག་སང་ལོའི་འཛད་སྤྱོད་ནུས་པ་དང་མ་འཇོག་གི་ཕན་འབྲས་ཆེ་རུ་བཏང་སྟེ། རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་རྒྱུའི་གཏན་འཁེལ་བྱས་ཡོད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཧྲི་ཁྲེང་ཧྭ་ཡིས། གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་ཚོས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ལས་དོན་སྤེལ་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ལྗོངས་ཡོངས་ཀྱི་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། འཛད་རྫས་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། རྒྱབ་སྐྱོར་བྱེད་རྒྱ་སྔར་ལས་ཆེ་རུ་གཏོང་བ། རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག་གང་མགྱོགས་འདོན་པ་དང་། འཛད་རྫས་མཁོ་སྤྲོད་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། སྤུས་དག་འཛད་སྤྱོད་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྔར་ལས་ལྷག་པའི་སྒོ་ནས་སྐོང་བ་བཅས་བྱེད་དགོས་ཞེས་བརྗོད།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ལྗང་རྒྱ་སྐྱེད་དང་འཕར་སྣོན་ཡོང་བར་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་གང་མགྱོགས་བྱེད་པའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཕེ་ཝུན་ཅུན་གྱིས“གོམ་སྟབས་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། ཉིང་ཁྲི་གྲོང་ཁྱེར་དེ་ཉིད་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་དམ་པོར་དམིགས་ཏེ། མ་དངུལ་དེ་ནུས་རྒྱུ་གྲོན་ཆུང་དང་། ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་གཙང་མ། ལྗང་མདོག་འགྲིམ་འགྲུལ་སོགས་ཀྱི་ཁྱབ་ཁོངས་སུ་བཏང་སྟེ། ལྗང་མདོག་ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ། མཛེས་སྡུག་ལྡན་པའི་ཉིང་ཁྲི་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་ནས་ཉིང་ཁྲི་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བར་དངུལ་རྩའི་འདེགས་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན”ཞེས་བརྗོད།
(བསྟན་བློས་བསྒྱུར། སྐལ་མཆོག་གིས་ཞུས)