05

ཏང་རྩ་འཛུགས་ཀྱི་གཟུགས་བརྙན་བཟང་པོ་བཏོད་དེ་རྨང་གཞི་བརྟན་གཏོང་དང་སྤུས་ཚད་ལེགས་སུ་བཏང་། —— མངའ་རིས་ས་ཁུལ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་སྐོར་བཀོད་པ། 2024年12月13日

འདི་ནི་མངའ་རིས་ས་ཁུལ་གྱི་གཞི་རིམ་ཏང་ཡོན་ལས་བྱེད་པས“འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་སེང་གེ་སྡེ་ཁུལ་དུ་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པ།

འདི་ནི་བཀོད་པ་ལེགས་ཤིང་གཙང་བའི་རྒྱ་སྨུག་གྲོང་ཚོའི་ཏང་དང་མང་ཚོགས་ཀྱི་ཕྱོགས་བསྡུས་བྱེད་སྒོའི་ལྟེ་གནས་ཡིན་པ།

གསར་འགོད་པ་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོར་སྐྱོད་སྐབས། གྲོང་ཚོའི་འགྲོ་ལམ་ཤར་བགྲོད་ཐུབ་པ་དང་། སྔོ་ལྗང་ལྗོན་ཤིང་གིས་བསྐོར་བ། སྡོད་ཁང་གཙང་སྦྲ་དོད་པ་མ་ཟད། གྲོང་མི་རྣམས་མཉམ་དུ་འཛོམས་ནས་སྤྲོ་སྣང་ཆེན་པོས་གླེང་མོ་བྱེད་བཞིན་མཆིས། “སྡོད་ཁང་གི་རྒྱབ་མདུན་གང་ས་གཙང་ལ། འགྲོ་ལམ་ཡང་བདེ་པོ་ཡོད། ལྷོད་ལྷོད་སྐབས་སུ་ང་ཚོ་མཉམ་དུ་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་བྱས་ནས་སྡོད་ཀྱི་ཡོད། གྲོང་ཚོའི་ཁོར་ཡུག་སྤྱི་གླིང་ལྟར་མཛེས་པས་ཧ་ཅང་སྐྱིད་པོ་འདུག”ཅེས་གྲོང་མི་ཚོས་དེང་གི་བདེ་སྐྱིད་འཚོ་བའི་སྐོར་གླེང་བྱུང་།

ཉེ་བའི་ལོ་ཤས་རིང་། རྒྱ་སྨུག་གྲོང་ཚོས་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་གྲོང་གསེབ་བཅོས་སྐྱོང་ཁྲོད་སྐར་གསོག་ལམ་ལུགས་ཁྱབ་གདལ་ཧུར་ཐག་བཏང་བ་དང་། “མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང”དང་། “མཛེས་སྡུག་ལྔ” “གཙང་མ་ལྔ”བཅས་ཀྱི་འཕྲོད་བསྟེན་དཔྱད་བསྡུར་བྱས་པ་མ་ཟད། ཁྱིམ་ཚང་གི་གཙང་སྦྲ་དང་། སྒོ་རའི་ནང་ཅ་ལག་སྤུངས་བ། ཐབ་ཚང་དང་གསང་སྤྱོད་ཀྱི་གཙང་སྦྲ། གྲོང་པ་ཁྱིམ་མཚེས་འཆམ་མཐུན་སོགས་ཀྱི་དམིགས་ཚད་ཁག་སྐར་གསོག་ཁྱབ་ཁོངས་སུ་བཞག་པ་དང་གྲོང་མི་ཚོས་སྐར་མ་བསགས་ནས་ཅ་ལག་བརྗེ་བ་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ནང་ཞུགས་པར་སྐུལ་ལྕག་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ཡོད། “སྐར་གསོག་ལམ་ལུགས་ལག་བསྟར་བྱས་པར་བརྟེན་གྲོང་མི་ཚོ་གྲོང་ཚོའི་སྤྱི་པའི་ལས་ཀར་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་ཐུབ་ནས་གྲོང་གསེབ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་བརྒྱུད། ཁྱིམ་ཚང་ཚང་མ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་པར་གྱུར་ཏེ་འགྲན་སློབ་བསྙེགས་བརྒལ་གྱི་རྣམ་པ་ཟབ་མོ་བཏོད་ཡོད”རྒྱ་སྨུག་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོ་ཀྲུང་ཆི་ཧོ་ཡིས་གསར་འགོད་པར“གོམ་སྟབས་རྗེས་མར་རྒྱ་སྨུག་གྲོང་ཚོས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། སྐར་གསོག་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་དང་ཁྱབ་གདལ་གཏོང་བ། སྐར་གསོག་ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་གི་གསོན་ཤུགས་གསར་པ་འཕེལ་བ་བཅས་བྱས་ཏེ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་བཟང་པོ་ཧུར་ཐག་གཏོད་ཀྱི་ཡིན”ཞེས་བཤད།

འདི་ལོ་ཚུན། མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་དང་ལྷག་པར་དུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མངའ་རིས་ས་ཨུད་ཀྱི་བླང་བྱ་མུ་མཐུད་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བོད་ནུབ་ཀྱི་གདོང་ལེན་པ། གསར་བརྗེའི་མངའ་རིས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་སྣེ་ཁྲིད་དུ་བྱེད་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མངའ་རིས་གསར་པ་སྐྲུན་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད།

ཏང་གི་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་བྱ་གཞག་གི་ཀ་རྟེན་ལྟ་བུའི་སྟོབས་ཤུགས་ཤིག་ཡིན། མངའ་རིས་ས་ཁུལ་གྱིས་ཆབ་སྲིད་ཀྱི་ཚད་གཞི་མངོན་པར་བྱས་ནས་ལས་བྱེད་པ་འདེམས་པ་དང་། ཚན་ཁག་བཀོད་སྒྲིག དཔུང་ཁག་འཛུགས་སྐྱོང་བཅས་བྱས་པ་མ་ཟད། 《འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་སྐོར་གྱི་ཞིབ་ཕྲའི་བྱ་ཐབས》བཟོས་ནས་བཏོན་ཡོད།

འདི་ལོ་ཚུན། ས་ཨུད་ཀྱིས་ས་ཁུལ་དོ་དམ་གྱི་ལས་བྱེད་པ་67ལེགས་སྒྲིག་དང་བཀོལ་སྤྱོད་བྱས་ཤིང་། རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་གི་མི་35ལེགས་སྒྲིག་བྱས་པ་དང་ལས་བྱེད་པ་103གནས་སྦྱར་དང་། ལས་ཐོག གཞི་རིམ་གྱི་འཐབ་ཕྱོགས་དང་པོ་བཅས་སུ་སྦྱོང་བརྡར་ལ་བཏང་ནས་གཙོ་གནད་ལས་འགན་བསྒྲུབས་ཡོད། ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་2023ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ཕུལ་བྱུང་གི་རྫོང་2དང་ས་ཁུལ་ཐད་གཏོགས་ཚན་པ་17ལ་བྱ་དགའ་སྒོར་ཁྲི་100དང་སྒོར་ཁྲི་15སྤྲད་པ་དང་དཔྱད་ཞིབ་ཕུལ་བྱུང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་140ལ་བྱ་དགའ་སྤྲད་པའམ་ཡང་ན་བྱས་རྗེས་བཀོད་ཡོད། དེ་དང་ཆབས་ཅིག་ཤེས་ལྡན་པའི་ས་ཁུལ་སྟོབས་ཆེན་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། 《ཤེས་ལྡན་པ་ནང་འདྲེན་བྱེད་པའི་མངའ་རིས་ས་ཁུལ་གྱི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་པ། ཤེས་ལྡན་པ་ནང་འདྲེན་གྱི་ཁ་གསབ་རོགས་དངུལ་མང་དུ་བཏང་བ། རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་གྱི་འཆར་གཞི་ཁག་22བཏོན་ཡོད། ཧྲའན་ཤིས་དང་ཧོ་པེ་ཞིང་ཆེན་གཉིས་ཀྱིས་དུས་ཐུང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་65མངའ་རིས་སུ་ལས་དོན་སྒྲུབ་པར་གཏོང་རྒྱུར་མཐུན་སྦྱོར་བྱས་པས་སྨན་བཅོས་སློབ་གསོ་དང་། ཞིང་ནགས་ཚན་རྩལ། རྣམ་གྲངས་ལས་གྲྭ་སོགས་ཁྱབ་ཁོངས་སུ་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

རྩ་འཛུགས་ནི“གཟུགས་བརྙན”དང་། བསམ་བློ་ནི“བླ་སྲོག”ཡིན་པས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད“གཟུགས་བརྙན”འཛུགས་དགོས་ལ“བླ་སྲོག”ཀྱང་གཏོད་དགོས།

འདི་ལོ་ཚུན། མངའ་རིས་ས་ཁུལ་གྱིས་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བཀོད་སྒྲིག་བྱ་ཡུལ་11ལ་ཏང་རྩ་འཛུགས་12བཙུགས་ཏེ། སྤྱིར་བཏང་གི་གཞི་རིམ་ཏང་རྩ་འཛུགས་དང་རྗེས་ལུས་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་རིམ་སྤོར་ལ་དམ་འཛིན་ནན་པོ་བྱས་ནས་སྔ་རྗེས་སུ་སྤྱིར་བཏང་གི་ཏང་རྩ་འཛུགས་133སྔོན་ཐོན་ཏང་རྩ་འཛུགས་སུ་རིམ་སྤོར་བྱས་པ་དང་རྗེས་ལུས་ཀྱི་ཏང་རྩ་འཛུགས་116སྤྱིར་བཏང་ཏང་རྩ་འཛུགས་སུ་རིམ་སྤོར་བྱས་ཡོད། 《མངའ་རིས་ས་ཁུལ་གྱི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དཔེ་སྟོན་གྱི་ཕུལ་བྱུང་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔྱད་ཞིབ་དཔྱད་བསྡུར་བྱ་དགའ་སྤྲོད་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ནས་བཀྲམ་པ་དང་། རང་སྐྱོང་ལྗོངས་རིམ་པའི“འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་41དང“སྟོབས་ཆེ་གཉིས་དང་ལེགས་པོ་དྲུག”གི་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་3འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་དཔེ་མཚོན་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་22རིགས་དབྱེ་ནས་བཙུགས་ཡོད། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཕྲ་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང་དྲ་མིག་ཅན་གྱི་ཆེད་ལས་མི་སྣ་དང་འགན་གཅིག་ལྕོགས་འཁུར་མཁན་483བཀོད་སྒྲིག་བྱས་ཏེ་དྲ་མིག་ཅན་གྱི་ཆེད་ལས་མི་སྣའི་ཐོབ་ཐང་ཚད་གཞི་གཅིག་གྱུར་བཟོས་ཡོད།

བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་1.95བཏང་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་10བསྐྲུན་རྒྱུ་རེད། མ་དངུལ་སྒོར་ཁྲི་339.7བཏང་ནས“གྲོང་སྲོལ་དམངས་ཆིངས+སྐར་གསོག་ལམ་ལུགས”ཁྱབ་གདལ་དང་སྤྱོད་ཤུགས་ཆེ་རུ་བཏང་ཞིང་། མིག་སྔར་ས་ཁུལ་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)79ལ“སྐར་གསོག་ལམ་ལུགས”ཁྱབ་གདལ་བཏང་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་ཁྲི་1960རེ་ཞུ་བྱས་ནས་རྣམ་གྲངས་28ལ་རོགས་སྐྱོར་བྱས་ཡོད། སྡོད་མལ་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་19ལག་བསྟར་བྱས་པ་དང“གཙང་བཤེར་བཞི་དང་བཅོས་སྒྲིག་གཉིས”ཀྱི་གྲོང་ཚོའི་གཙང་སྦྲའི་བྱེད་སྒོ་ཐེངས་2380སྤེལ་བར་མང་ཚོགས་མི་ཐེངས་ཁྲི་5ལྷག་ཙམ་ཞུགས་ཡོད་པ་རེད།

(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)