02

ཀོང་པོ་རྒྱ་མདའ་རྫོང་གིས། བྱ་ཐབས་སྣ་མང་སྤྱད་དེ་གློག་མཁོ་འདོན་འགན་ལེན་བྱས་ནས་མང་ཚོགས་དགུན་སྒྲོལ་ཐུབ་པར་རམ་འདེགས་བྱས་པ། 2024年12月13日

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གནས་གཤིས་གྲང་དུ་ཕྱིན་པ་དང་བསྟུན་ནས་གློག་སྤྱོད་ཐེག་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པས་རྒྱལ་ཁབ་གློག་དྲ་ཀོང་པོ་རྒྱ་མདའ་རྫོང་གློག་གཏོང་ཀུང་སིས་དགུན་གློག་སྙོམ་སྒྲིག་གི་ལས་དོན་ལ་མཐོང་ཆེན་པོ་བྱས་ནས་རྫོང་གྲོང་གི་ཚོང་ཁང་དང་གྲོང་མིར་དམིགས་ནས་གློག་སྤྱོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱེད་པ་དང་། གློག་སྤྱོད་གྲོན་ཆུང་དང་བདེ་འཇགས་གློག་སྤྱོད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་གློག་སྤྱོད་མཁན་རྣམས་དགུན་དུས་བདེ་འཇགས་ངང་གློག་སྤྱོད་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

རྒྱལ་ཁབ་གློག་དྲ་ཀོང་པོ་རྒྱ་མདའ་རྫོང་གློག་གཏོང་ཀུང་སིས་ཏང་ཡོན་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ནས་གློག་སྤྱོད་མཁན་རྣམས་ལ་དགུན་དུས་བདེ་འཇགས་གློག་སྤྱོད་ཀྱི་རྒྱུན་ཤེས་དང་། གློག་གྲོན་ཆུང་བྱེད་སྟངས། དེ་བཞིན་ཆུ་སྐོལ་གློག་ཆས་དང་། གློག་གདན། གློག་ཐབ་སོགས་ཀྱི་དྲོད་ལེན་སྒྲིག་ཆས་བདེ་འཇགས་ངང་བེད་སྤྱོད་བྱེད་སྟངས་ལ་འགྲེལ་བཤད་བརྒྱབ་པ་དང་གློག་སྤྱོད་མཁན་རྣམས་ལ་ཁྱིམ་སྤྱོད་གློག་ཆས་ལ་དུས་བཀག་ལྟར་ཞིབ་བཤེར་བྱས་ནས་གློག་སྐུད་གང་བྱུང་དུ་འཁྲིད་མི་རུང་བ་དང་ཐེག་ཚད་ལས་བརྒལ་བའི་གློག་སྤྱོད་རྒྱུ་གཏན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་ཆབས་ཅིག ལས་དོན་མི་སྣས་གློག་སྤྱོད་མཁན་གྱི་གློག་ཤུགས་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཞིབ་ཚགས་ཀྱང་བྱས་པ་རེད།