01

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་བརྒྱད་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། 2024年12月13日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་11ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་བརྒྱད་པའི་ཐོག་མཐའ་མཚམས་བཅོས་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་གོ་སྐབས་གསར་པ་སྟངས་འཛིན་དང་། བྱས་རྗེས་གསར་པ་མངོན་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། སེམས་ནུས་གཅིག་སྒྲིལ་བཅས་བྱས་ཏེ་མཐའ་མཚམས་བཅོས་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཞིག་བརྩམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མཐའ་མཚམས་ས་ཁུལ་གཅིག་ཀྱང་མི་ལུས་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་ལས་དོན་གྱི་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་ལེན་བསྟར་ནས་མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད” སྨན་གླིང་གྲོང་ཁྱེར་གནས་ལུང་ཤང་གླང་གོང་གྲོང་ཚོར་བཅའ་སྡོད་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རུ་དཔོན་མཱ་ཁྲོན་ཆིའུ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་གཞི་རིམ་གྱི་ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་གནང་ཡོད། གཞི་རིམ་གྱི་མང་ཚོགས་གོང་བུ་གཅིག་ཏུ་བསྒྲིལ་ཚེ་གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་ཐུབ།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) སླད་ཕྱིན་ང་ཚོས་སློབ་སྦྱོང་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་དང་མཐོར་གཏོང་གི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་ནས་ཚང་མར་ཏང་གི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་དང་། ལྗོངས་ཕྱི་ནང་གི་འཕེལ་རྒྱས་དང་འགྱུར་ལྡོག་དངོས་སུ་མྱོང་ཚོར་ཐུབ་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རོགས་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་བརྗོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གཞི་ཁྱོན་ཅན་གྱི་དབུལ་ལོག་དང་དབུལ་པོར་འགྱུར་རིགས་སྔོན་འགོག་བྱེད་དགོས། འཕེལ་རྒྱས་ཁྲོད་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཟམ་མི་ཆད་པར་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོགས་སེལ་དགོས་ཞེས་གསུངས་པ་རེད།

ནག་ཆུ་གྲོང་ཁྱེར་ནི་རང་ལྗོངས་ཀྱི་འབྲོག་ལས་ཐོན་སྐྱེད་རྟེན་གཞི་གཙོ་བོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་ཡོངས་ཀྱིས་ཞིང་འབྲོག་ཁུལ་དར་རྒྱས་དང་། ཞིང་འབྲོག་ལས་འཕེལ་རྒྱས། ཞིང་འབྲོག་པ་ཕྱུག་འགྱུར་བཅས་དམིགས་བསལ་གྱི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་རྒྱུན་ཆད་མེད་པར་བཏང་བ་རེད། “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ནག་ཆུ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས‘ཁྲི་སྟོང་ལས་གྲྭའི’ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ཞིང་འབྲོག་ཁུལ་གྱི་འགྲོ་ལམ་དང་། ཆུ་མཁོ་འདོན། ནུས་རྒྱུ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་དང་། སྨན་བཅོས། རིག་གནས་ལུས་རྩལ་སོགས་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད” ནག་ཆུ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལེའོ་ཝུན་ཅེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཁྲོད་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་རྒྱུན་ཆད་མེད་པར་གཏོང་གི་ཡིན་ཞེས་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་རྗེས། ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ། འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པའི་མྱོང་ཚོར་ཡང་བྱུང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ཚོར་སླད་ཕྱིན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཝང་ཏུའོ་ཡིས་བརྗོད།

ཝང་ཏུའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནས་བཟུང་། སྤུ་ཧྲེང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཐོན་ལས་ལ་དམ་འཛིན་དང་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་གྲོང་སྡོད་རོགས་སྐྱོར་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་བཅའ་སྡོད་བྱ་ཡུལ་གྱི་གྲོང་ཚོར(སྡེ་ཁུལ)ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག ཐོན་ལས་འཁོར་འབྲེལ་སྣུར་སྲིང་བཅས་བྱ་རྒྱུར་མཛུབ་ཁྲིད་བྱས་པ་དང་མང་ཚོགས་ཀྱིས་ལག་གཉིས་ལ་བརྟེན་ནས་ལས་ཞུགས་བྱས་ཏེ་ཡོང་འབབ་གཏོད་རྒྱུར་ཁྲིད་སྟོན་བྱས་ཡོད། དེའི་ནང་སྤུ་ཧྲེང་རྫོང་ཧོར་ཤང་གུང་རྒྱུད་གྲོང་ཚོ་དང་སྤང་རི་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་གྲོང་ཚོར་འབྲི་གཡག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རོགས་བྱས་ནས་འོ་མ་དང་། མར། ཞོ་སོགས་དཀར་ཆུའི་ཐོན་རྫས་སྣ་ཁ་6ཐོན་སྐྱེད་བྱས་པས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་སྔར་བས་རྒྱ་ཆེར་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག་གྲོང་ཚོའི་ཁྱད་ལྡན་ཐོན་རྫས“ཕྱིར་གཏོང”བྱ་ཆེད། སྤུ་ཧྲེང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“ཞིང་རོགས་ཐད་གཏོང”གི་བྱེད་སྒོ་ཤུགས་ཆེན་སྤེལ་བ་མ་ཟད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འོས་སྦྱོར་པ་དང་རིག་གནས་ཡུལ་སྐོར་ཁྱབ་གདལ་གྱི་ཕོ་ཉ་བྱས་ཏེ། ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་རིག་གནས་ཡུལ་སྐོར་སྤུས་རྟགས་དྲིལ་བསྒྲགས་དང་ངོ་སྤྲོད་ཧུར་ཐག་བྱས་པས། ཞིང་འབྲོག་པར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་དང་ཆབས་ཅིག བཅའ་སྡོད་བྱ་ཡུལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།

(བདེ་དབང་དང་བསོད་ནམས་ལྷ་མཚོས་བསྒྱུར། ཉི་དོན་གྱིས་ཞུས)