འདི་ནི་ཅ་ཡུང་མིང(གཡས)གིས་ཁྱུང་སྒོར་དང་མཉམ་དུ་ཚ་བོར་ལྟ་སྐྱོང་བྱེད་བཞིན་པ།
འདི་ནི་ཁྱུང་སྒོར་གྱིས་གློག་མདོང་སྤྱོད་བཞིན་པ།
བོད་ཀྱི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་ཆགས་ཡུལ་གྲོང་ཚོའི་གྲོང་མི་ཁྱུང་སྒོར་ལ་ཉེ་ཆར་རྟག་པར་མྱོང་ཚོར་ཟབ་མོ་ཡོང་གི་ཡོད་དེ།
ཉིན་འགའི་སྔོན་ལ། ཁོང་གི་ཚ་བོ་སྒོ་རའི་རྒྱབ་ཀྱི་དེའུ་འབུར་གྱི་སྟེང་དུ་འཛེགས་དུས་སྨྱུག་ཚལ་གྱི་ཅ་དངོས་ཙག་ཙིག་གི་གསེང་ནས་མདོང་མོ་ཞིག་རྙེད། ལོ་དུ་མའི་རིང་བེད་སྤྱོད་མ་བཏང་བར་བཞག་པས་ས་རྡུལ་གྱིས་གཡོགས་པའི་མདོང་མོ་དེ་སྨྱུག་ཚལ་དང་ཧ་ལམ་གཞི་གཅིག་ཏུ་གྱུར་འདུག
“མདོང་མོ་འདི་ནི་ངའི་ཅ་དངོས་རྙིང་པ་ཞིག་ཡིན”ཞེས་ཁྱུང་སྒོར་གྱིས་མདོང་མོའི་སྐོར་ལ་ཕྱིར་དྲན་བྱས།
སྙེའུ་ཤང་ནི་ལོ་འཁོར་མོར་ཁ་བས་གཡོགས་པའི་བྱང་ཐང་གི་གཡང་གཟར་གྲོག་རོང་ཁུལ་དུ་གནས་པ་དང་རྒྱལ་ལམ་349གཅིག་པུས་སྦྲེལ་ནས་ཡོད་ཅིང་། ཐག་ཉེ་ཤོས་ཀྱི་རྫོང་གྲོང་གཉིས་ཀྱི་བར་ལ་ལམ་ཐག་སྤྱི་ལེ་100ལྷག་ཙམ་ཟིན་པའི་གཡང་གཟར་གྱི་རི་ལམ་ཡོད་པ་རེད།
1995ལོའི་བར་དུ་སྙེའུ་ཤང་དུ་གློག་བརྟན་པོ་ཞིག་གཏོང་ཐུབ་མེད། ལོ་དེར་སི་ཁྲོན་བ་ཅ་ཡུང་མིང་ས་ཆ་དེར་ཡོང་ནས་གྲོང་གསེབ་ཆུ་ཤུགས་གློག་ཁང་བསྐྲུན་པ་རེད།
ཅ་ཡུང་མིང་གིས་རྡོ་གཤགས་ནས་ཆུ་ཡུར་བཟོས་པ་དང་ཟ་སྡོད་ཀྱང་རི་སྟེང་དུ་བྱེད་ཀྱི་ཡོད། ཁྱུང་སྒོར་རྟག་པར་མེ་ཤིང་སྒྲུག་ཏུ་འགྲོ་ཡི་ཡོད་པས་རིམ་གྱིས་ཁོང་གཉིས་ངོ་ཤེས་ཏེ་བཟའ་ཚང་དུ་གྱུར།
ཡིན་ནའང་། ཅ་ཡུང་མིང་གིས་བསྐྲུན་པའི་གྲོང་གསེབ་ཀྱི་ཆུ་ཤུགས་གློག་ཁང་དེའི་ཤུགས་ཚད་ཆུང་དྲགས་པས་དུས་རྒྱུན་ཁྱིམ་ཚང་གི་གློག་སྒྲོན་སྦར་ཐུབ་ཙམ་དང་ལག་ཐོགས་ཁ་པར་ལ་གློག་གསོག་ཐུབ་པ་ཙམ་ཡིན། ཆུ་འབེལ་པོ་ཡོད་དུས་གཞི་ནས་བརྙན་འཕྲིན་ལྟ་ཐུབ་ཀྱི་ཡོད། འོན་ཀྱང་གློག་སྒུལ་མདོང་མོ་རྩ་བ་ནས་བེད་སྤྱོད་གཏོང་ཐུབ་ཀྱི་མེད།
“ཆུ་བོའི་སྟོད་རྒྱུད་དུ་ལྕང་མའི་ཡལ་གས་འགགས་པ་དང་འཁྱགས་པ་ཐེབས་ཚེ། གྲོང་ཚོའི་ནང་གློག་མེད་པར་འགྱུར། གྲོང་མི་ཚོ་ཉིན་མོ་ལས་ཀ་བྱེད་པ་དང་ས་རུབ་སྐབས་གཉིད་ཉལ་རྒྱུ་ལས་ཐབས་གཞན་མེད”ཅེས་སྙེའུ་ཤང་གྲོང་ཡུལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་དབང་རྡོ་རྗེས་ཕྱིར་དྲན་བྱེད་བཞིན་དུ་བཤད།
གློག་མེད་དུས་རང་ཁྱིམ་ལ་མཁོ་བའི་མར་ཚང་མ་མདོང་མོ་ལག་པས་དཀྲོགས་ཏེ་འདོན་རྒྱུ་རང་རེད།
ཁྱུང་སྒོར་གྱིས“དེ་དུས་མདོང་མོ་གང་དཀྲོགས་ཚར་དུས་ལུས་པོ་ཡོངས་ན་བ་དང་ལག་པར་ཡང་ཤེད་ཤུགས་མེད་པར་གྱུར་ནས་གང་ཡང་འཁྱེར་ཐུབ་ཀྱི་མི་འདུག”ཅེས་ཕྱིར་དྲན་བྱེད་བཞིན་བཤད།
2021ལོར་སྙེའུ་ཤང་ལ་རྒྱལ་ཁབ་གློག་དྲས་གློག་ཁྲིད་པར་བརྟེན། དུད་ཁྱིམ་ཀུན་གྱིས་འཁྱགས་སྒམ་དང་། གོས་ཁྲུས་འཕྲུལ་ཆས། གློག་གི་དྲོད་རླངས་བཅས་སྤྱོད་ཐུབ་པར་གྱུར་པའི་ཁར། ཤུགས་ཚད་ཆེ་བའི་གློག་ཆས་ཀྱང་མང་པོ་ཉོས་པ་རེད།
དེ་ནས་བཟུང་དགུན་ཁར་གྱོན་གོས་ལག་པས་དཀྲུ་མི་དགོས་པ་དང་ཁྱིམ་དུ་དགའ་སྐྱིད་ཀྱི་དགོད་སྒྲ་མཚན་མོར་ཡང་ཆད་རྒྱུ་མེད་ཅིང་། དེ་ལྟར་སྙེའུ་ཤང་གི་དེང་རབས་ཅན་གྱི་འཚོ་བ་ཕུན་སུམ་ཚོགས་པར་གྱུར།
ཁྱུང་སྒོར་གྱི་ངོས་ནས་བརྗོད་ན། འཚོ་བའི་ནང་གི་འགྱུར་ལྡོག་ཆེ་ཤོས་ནི་འོ་མ་དཀྲོགས་ནས་མར་འདོན་པ་དེ་རེད། “གློག་སྒུལ་མདོང་མོར་བརྟེན་ན་མདོང་མོ་གང་སྐར་མ་ཁ་ཤས་ཀྱི་ནང་དཀྲོག་ཐུབ་པས། ཧ་ཅང་སྟབས་བདེ་པོ་འདུག”ཁྱུང་སྒོར་ཁྱིམ་གྱི་འཁྱགས་སྒམ་ནང་ད་ཆ་རྒྱུན་དུ་མར་རྒྱ་མ་ཉི་ཤུ་ལྷག་ཙམ་ཉར་ཡོད། གློག་སྒུལ་མདོང་མོ་སྤྱད་རྗེས་དེ་སྔའི་མདོང་མོ་བེད་མེད་དུ་གྱུར་འདུག
“མདོང་མོ་ནི་ད་ཆ་ཚ་བོའི་རྩེད་ཆས་ཙམ་རེད། སྲོལ་རྒྱུན་གྱི་མདོང་མོ་སྤྱོད་པ་ནས་གློག་སྒུལ་མདོང་མོ་སྤྱོད་པའི་འགྱུར་ལྡོག་ལས་ང་ཚོའི་འཚོ་བ་སྐྱིད་དུ་ཕྱིན་སོང”ཞེས་ཁྱུང་སྒོར་གྱིས་འཛུམ་དམུལ་དམུལ་ངང་བཤད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)