07

ལྷོ་རོང་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་ཀྱི་རྣམ་པ་གསར་པ་བཏོད་པ། 2024年12月11日

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ལྷོ་རོང་རྫོང་གིས་ཏང་འཛུགས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“གསར་བརྗེའི་སྒུལ་ཤུགས”ལ་བརྩི་བ་དང་། རྩ་འཛུགས་ཀྱིས་སྣེ་ཁྲིད་དང་། གསར་གཏོད་འཕེལ་རྒྱས། ཏང་ཡོན་གྱིས་དཔེ་སྟོན་སྐུལ་ཁྲིད་བཅས་དམ་འཛིན་བྱ་གཞིར་བྱེད་པ། ཏང་འཛུཌ་སྐྱོང་ལས་དོན་དེ་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་གཏིང་ཟབ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུཌ་སྐྱོང་ལ་བརྟེན་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་རེད།

རྩ་འཛུགས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི“གསར་བརྗེའི་བཙན་རྫོང”སྲ་བརྟན་དུ་བཏང་ཞིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་ལེགས་འདེམས་ཧྲག་སྒྲིག་བྱས་པ་དང“སྣེ་ཁྲིད་འདུ་འགོད”ལག་བསྟར་བྱས་པ་བརྒྱུད། “རྫོང་ཨུད་ཀྱིས་སྤྱི་འདོམས་དང་། ཤང་གྲོང་གིས་སྣེ་ཁྲིད། གྲོང་ཚོ་རིམ་པས་ལག་བསྟར། ཏང་ཡོན་གྱིས་སྣེ་ཁྲིད”བཅས་རིམ་བཞིའི་མཉམ་འགུལ་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། “ཐོན་ལས་སྦྲེལ་ཐག་ཏུ་ཀྲི་པུའུ་འཛུགས་པ་དང་། ཏང་ཡོན་ཐོན་ལས་སྦྲེལ་ཐག་ཏུ་འཛོམས་པ། མང་ཚོགས་ཐོན་ལས་སྦྲེལ་ཐག་ནས་ཕྱུག་པོ་ཆགས་པ”བཅས་ཀྱི་ལས་དོན་སྒྲུབ་སྟངས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ཕྱོགས་སུ་སྣུར་སྲིང་བྱེད་པ། འགན་འཁྲི་མི་ཐོག་ཏུ་དོན་འཁྱོལ་བཅས་བྱས་ཏེ་འགག་རྩའི་ལྷུ་ཚིགས་ཚང་མར་ཏང་ཡོན་ཡོད་པའི་འགན་ལེན་བྱས་པ་རེད།

ཏང་འཛུགས་སྐྱོང་གིས་གསར་གཏོད་ལ་སྣེ་ཁྲིད་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཤིང་། ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ་སྣ་མང་ཅན་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ཞིང་འབྲོག་ལས་ཐད“ཏང་ཀྲི་པུའུ་དང་མཉམ་ལས་ཁང་ཟུང་འབྲེལ”གྱི་གཉེར་སྐྱོང་བྱེད་སྟངས་བརྒྱུད། འབྲི་གཡག་དང་ནས་སོགས་ཁྱད་ལྡན་གསོ་ཚགས་འདེབས་འཛུགས་ལས་རིགས་དམ་འཛིན་བྱ་གཞིར་བྱས་ཏེ། ཞིང་འབྲོག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་བ་དང་། སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཐད“ཏང་འཛུཌ་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”བྱེད་ཐབས་གཞི་རྟེན་དུ་བྱས་ཏེ་རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་དམ་འཛིན་བྱ་གཞིར་བྱས་ནས་ལྟ་སྐོར་དང་། སྤྲོ་གསེང་། ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་རྣམ་གྲངས་ཁག་གཅིག་བཏོད་པ། མི་རིགས་ལག་ཤེས་བཟོ་ལས་ཐད་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་རོགས་སྐྱོར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། སྲོལ་རྒྱུན་གྱི་ལག་རྩལ་ལ་སླར་ཡང་གསོན་ཤུགས་འཕེལ་བར་བྱས་ཏེ་མང་ཚོཌ་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བར་སྣེ་ཁྲིད་བྱས་ཡོད།

ཏང་ཡོན་གྱིས་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི“གསར་བརྗེའི་སྟོབས་ཤུགས”གཅིག་ཏུ་བསྒྲིལ་ཞིང་། ཐོན་ལས་འཕེལ་རྒྱས་གཏོང་རིང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དང་མིག་དཔེའི་ནུས་པ་གང་ལེགས་བཏོན་ནས་ཏང་ཡོན་གྱི་འགན་འཁྲི་འཁུར་ཁུལ་དང་ཏང་ཡོན་གྱི་དཔེ་སྟོན་ལས་གནས་འཛུགས་པ་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་གྱིས་ཐོབ་ཐང་མངོན་པ་དང་། མིག་དཔེ་སྟོན་པ། བྱས་རྗེས་འཇོག་པ་བཅས་ལ་ཁྲིད་སྟོན་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང་འཐབ་ས་དང་པོར་བསྐྱོད་དེ་སྣེ་ཁྲིད་ནས་ལག་རྩལ་གསར་པ་སློབ་སྦྱོང་དང་། སྣ་ཁ་གསར་པ་ནང་འདྲེན། ཁྲོམ་ར་གསར་འབྱེད་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཐོན་ལས་འཕེལ་རྒྱས་ནང་ཞུགས་པར་སྐུལ་ཁྲིད་བྱས་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། ལྷག་ཚེས་ཞུས)