01

ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། 2024年12月10日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2024ལོའི་ཟླ་བ་མཇུག་ཤོས་སུ་སླེབས་སྐབས་ལྷ་ས་གྲོང་ཁྱེར་གྱི་རྣམ་གྲངས་ཁག་སྔར་བཞིན་ཚ་ཚ་འུར་འུར་ངང་སྤེལ་ནས་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་བཞིན་ཡོད་པ་རེད།

ལྷུན་གྲུབ་རྫོང་བྱང་ཁ་ཤང་དུ་འབྱོར་སྐབས། གསར་འགོད་པས་ལྷུན་གྲུབ་ཞིང་རའི་གསར་བརྗེའི་རིག་གནས་སློབ་གསོ་དང་དངོས་སྦྱོང་ཁུལ་གྱི་རྣམ་གྲངས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། ལས་གྲྭའི་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ་ཨར་ལས་མི་སྣས་རང་སོ་སོའི་ལས་གནས་སུ་འབད་འཐབ་བྱེད་བཞིན་པ་མཐོང་བྱུང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་5013བཏང་ནས་སློབ་གསོ་དང་དངོས་སྦྱོང་ཐོག་ཁང་དང་འཚོ་བའི་འགན་ལེན་ཁང་པ་རེ་རེ་དང་དེ་བཞིན་རྒྱབ་ཕྱོགས་མཁོ་སྒྲུབ་དང་ཟ་ཁང་སོགས་གསར་སྐྲུན་བྱེད་ཀྱི་ཡོད། རྣམ་གྲངས་དེའི་འགན་འཁུར་བས“རྣམ་གྲངས་བསྐྲུན་རྗེས་ལྷུན་གྲུབ་ཞིང་རའི་ད་ཡོད་ཀྱི་རིག་དངོས་ཐོན་ཁུངས་དང་ལོ་རྒྱུས་ཐོན་ཁུངས་སྤྱད་དེ་གསོ་སྦྱོང་ནང་ཞུགས་མཁན་ལས་བྱེད་པར་གཞོན་ནུ་ཤེས་ཡོན་ཅན་གྱི་ལོ་ཟླ་ཚོར་དུ་འཇུག་པ་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན་གྱིས་གསར་བརྗེའི་ལོ་རྒྱུས་དངོས་སུ་ཚོར་ཐུབ་པར་བྱས་ནས། ཐོག་མའི་བསམ་འདུན་ནམ་ཡང་གནས་པ་དང་འགན་འཁྲི་ནམ་ཡང་འཁུར་ཐུབ་པར་བྱ་རྒྱུ་ཡིན། དུས་མཚུངས་སུ་ཉེ་འཁོར་གྱི་བཟའ་བཏུང་དང་། ཞག་སྡོད། སིལ་ཚོང་སོགས་ཀྱི་ལས་རིགས་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱེད་ཀྱི་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་2024ལོའི་དུས་ཚིགས་བཞི་པའི་གཙོ་གནད་རྣམ་གྲངས་ཁག་62འཆར་འགོད་བྱས་པར་མ་དངུལ་སྒོར་དུང་ཕྱུར་99.34ཟིན་ཡོད་ལ། འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར་8.02ལེགས་སྒྲུབ་བྱེད་རྩིས་ཡོད་ཅིང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

དེའི་ནང་དམངས་འཚོ་འགན་ལེན་དང་ལེགས་གཏོང་རིགས་ཀྱི་རྣམ་གྲངས་14དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིགས་ཀྱི་རྣམ་གྲངས་17 སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རིགས་ཀྱི་རྣམ་གྲངས་14 གཞི་རིམ་སྲིད་དབང་འཛུགས་སྐྲུན་རྣམ་གྲངས་6 ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་11བཅས་ཡོད། མིག་སྔའི་བར་ལས་འགོ་བཙུགས་པའི་རྣམ་གྲངས་34ཟིན་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་8.69བཏང་ནས་འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར་2.99ལེགས་གྲུབ་བྱེད་རྩིས་ཡོད་པ་དེའི་ནང་དམངས་འཚོ་འགན་ལེན་དང་ལེགས་གཏོང་རིགས་ཀྱི་རྣམ་གྲངས་9ཡོད་ཅིང་། ལས་འགོ་འཛུགས་ཚད་64%ཟིན་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.68ཟིན་པ་རེད།

ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས“གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་རྣམ་གྲངས་62ཀྱི་དུས་ཚིགས་བཞི་པའི་ལས་འགོ་བཙུགས་པའི་དམིགས་ཚད་ལ་གཞིགས་ཏེ། རྣམ་གྲངས་ཀྱི་ཡུལ་དངོས་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཟའ་འཁོར་གྱི་བཀོད་གཏོང་ལམ་ལུགས་འཛུགས་པ་དང་། ལས་ཀའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱ་རྒྱུ་རེད”ཅེས་བརྗོད་ཡོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)