འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཚེས་5ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་རིམ་ཁག་ཆུ་བེད་སྡེ་ཚན་གྱིས་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས་མ་འཇོག་དོན་འཁྱོལ་དང་། རྣམ་གྲངས་འཛུགས་སྐྲུན། ཞོད་ཐན་གྱི་གནོད་འཚེ་སྔོན་འགོག གཙང་པོ་དང་མཚེའུའི་སྐྱེ་ཁམས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན། ཆུ་བེད་ལས་གྲྭའི་འཁོར་སྐྱོད་དོ་དམ་སྲུང་སྐྱོང་སོགས་ཀྱི་ཐད་ཕན་འབྲས་བཟང་པོ་ཐོན་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
སྐྱེ་ཁམས་ཀྱི་ཕན་འབྲས་བཅས་བཟང་པོ་ཐོན་ཡོད་པ་རེད། མིག་སྔའི་བར། ལྗོངས་ཡོངས་ཀྱིས་ཆུ་བེད་ལ་མ་དངུལ་སྒོར་དུང་ཕྱུར་93.68བཏང་བ་དེ་དུས་མཚུངས་ལས་27.03%འཕར་ནས་ཆུ་བེད་མ་འཇོག་གི་སྐུལ་ཁྲིད་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད་པ་རེད།
རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་རབ་བརྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་ཆུ་བེད་ལས་རིགས་ཀྱིས“འགོ་འཛུགས་མ་ཐག་རྒྱལ་ཁ་ལེན་པ་དང་དང་གོམ་པ་སྤོ་མ་ཐག་མཐའ་མའི་གདོང་མཆོང་བྱེད་པའི”འདུ་ཤེས་བཙུགས་པས་ལས་འགོ་བསྐྱར་ཚུགས་ཀྱི་ཆུ་བེད་རྣམ་གྲངས་364མངོན་འགྱུར་བྱུང་ཡོད། ཆུ་བེད་ལས་གྲྭ་གལ་ཆེན་གྱི་འཛུགས་སྐྲུན་ཚང་མ་ལོ་འཁོར་གྱི་མཚམས་ཚིགས་དམིགས་ཚད་ལས་འགན་གཞིར་བཟུང་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་པ་སྟེ། བར་རྩེ་ཆུ་བེད་ལྟེ་བ་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭས་གཙང་ཆུ་བདེ་བླག་ངང་བཀག་པ་དང་། གངས་ཁྲོ་ཆུ་མཛོད་ཀྱི་ཆུ་འདྲེན་དང་ཆུ་མཛོད་སྟོང་པ་བཟོ་བའི་བྲག་ཕུག་འབྲེལ་མཐུད་ཐུབ་པ། ཕུ་མདོ་ཆུ་འདྲེན་ལས་གྲྭ་དང་། མི་ལྤགས་ཐང་ཆུ་མཛོད་སོགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། ཤངས་ཆུའི་ལས་གྲྭ་ལེགས་སྒྲུབ་ཟིན་ནས་ཞིབ་བཤེར་རྩིས་ལེན་གྱི་གྲ་སྒྲིག་ཧུར་ཐག་བྱས་པ། བྲག་སྐོར་སོགས་ཆུ་མཛོད་ཁག་གཅིག་གན་རྒྱ་བཞག་ནས་བདེ་བླག་ངང་ལེགས་སྒྲུབ་དང་ཞིབ་བཤེར་རྩིས་ལེན་ཐུབ་ཡོད། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་15.83དོན་འཁྱོལ་བྱས་ཏེ་གཏིང་སྐྱེས་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དང་། སྣེ་གདོང་ཆུས་ཡར་སྟོད་ཤང་གི་གཞི་ཁྱོན་ཅན། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གི་གཅིག་སྡུད་ཆུ་མཁོ་འདོན་སོགས་ཀྱི་ལས་གྲྭ་ཁག་297ལག་བསྟར་བྱས་པས་གྲོང་གསེབ་ཀྱི་མི་འབོར་ཁྲི་37.45ལ་ཕན་པ་ཐོབ་ཡོད་པ་རེད། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ཉམས་གསོ་བདག་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར་0.88གཤམ་སྤྲོད་བྱས་ནས་ལས་གྲྭ་1246ཉམས་གསོ་བདག་སྐྱོང་བྱས་པ་དང་མི་གྲངས་ཁྲི་20.47ལ་ཞབས་འདེགས་ཞུས་ཡོད་པ་རེད།
དེ་དང་ཆབས་ཅིག ཆུ་བོ་མ་རྒྱས་གོང་ཉམས་གསོའི་རྣམ་གྲངས་68ལེགས་སྒྲུབ་བྱས་པ་དང་། ཉེན་ཡོད་ཆུ་མཛོད་9ལ་ཉེན་སེལ་སྲ་གཏོང་བྱས་པ། གཙོ་གནད་ཆུ་ལོག་འགོག་བྱེད་ཀྱི་ཆུ་རགས་14བཅོས་སྐྱོང་དང་ཆུ་ལོག་གནོད་འཚེའི་ལས་གྲྭ་མིན་པའི་བྱེད་ཐབས་ཁག་8འཛུགས་སྐྲུན་བྱས་པ། ཆུ་བོ་འབྲིང་ཆུང་གི་བཅོས་སྐྱོང་རྣམ་གྲངས་41ལག་ལེན་བསྟར་བ། ས་ཆུ་ཤོར་བའི་བཅོས་སྐྱོང་ལས་གྲྭ་7ལག་ལེན་བསྟར་བ། སྤྱི་ལེ་ངོས་གྲུ་215.36ཟིན་པའི་ས་ཆར་སླར་ཡང་ལྗང་མདོག་གསར་པ་བསྣན་པ་རེད། གཞན་ཡང་གནམ་གཤིས་དང་ཆུ་བེད་ཀྱི་ཆ་འཕྲིན་མཉམ་སྤྱོད་ཐུབ་ནས་སྔོན་བརྡ་དང་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁག་ཁྲི་5.3དུས་ཐོག་ཏུ་ཡོངས་བསྒྲགས་བྱས་པས། གཙང་ཆུ་བདེ་བླག་ངང་འབྲུབ་འགོག་ཐུབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་ཐུབ་ཡོད་པ་རེད།
(བདེ་སྐྱིད་དབང་མོ་དང་བསོད་ནམས་ལྷ་མཚོས་བསྒྱུར། ཉི་དོན་གྱིས་ཞུས)