འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། མིག་སྔར་རང་ལྗོངས་ཀྱི་ས་མཐོའི་ནུས་མང་གཡོས་སྦྱོར་ཐབ་ཆས་རྙིང་པ་གསར་བརྗེས་ལ་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཉེ་ཆར་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་གཡོས་སྦྱོར་ཐབ་ཆས་རྙིང་པ་གསར་བརྗེས་ཀྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཕྱིར་ཚོང་ཁེ་ལས་ཀྱིས་རིགས་མི་འདྲ་བའི་ས་མཐོའི་ཐབ་ཆས་ཐོན་རྫས་འཁྱེར་ནས་འགྲེམས་ཚོང་བྱེད་ཅིང་། ས་མཐོའི་དབུགས་རྡིག་དང་གློག་གི་བག་སླང་ལ་སོགས་པའི་ཚོང་ཟོག་གིས་འཛད་སྤྱོད་པ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ནས་ཐོན་རྫས་བེད་སྤྱོད་བྱེད་སྟངས་དང་ཁ་གསབ་སྤྲོད་ཚད་སྐོར་སྐད་ཆ་འདྲི་བར་འོང་། སྟེང་ཆེན་རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་ཅུས་ཀྱི་ལས་དོན་པས་ས་གནས་ས་ཐོག་ཏུ་ཞིང་འབྲོག་མང་ཚོགས་ལ་རྙིང་པ་གསར་བརྗེས་ཀྱི་ཁ་གསབ་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་དང་། ཚོང་ཁང་གི་འགན་འཁུར་བས་འཛད་སྤྱོད་པར་རྙིང་པ་གསར་བརྗེས་ཐོན་རྫས་ཀྱི་བྱེད་ནུས་དང་ཁ་གསབ་སྤྲོད་སྟངས་སོགས་ཀྱི་དྲི་བར་ས་གནས་ས་ཐོག་ཏུ་ལན་བརྒྱབ་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རྙིང་པ་གསར་བརྗེས་བྱེད་སྒོ་དེ་ཟླ་12ཚེས་31ཉིན་བར་རྒྱུན་མཐུད་རྒྱུ་ཡིན་པ་དང་། ཁྱབ་ཁྱོན་ཐོན་རྫས་ལ་དབུགས་རྡིག་རིགས་དང་། ཐབ་ཚང་གི་གློག་ཆས་རིགས། ཐབ་ཆས་རིགས་སོགས་ཁྱོན་རིགས་ཆེ་གྲས་བཞི་དང་སྣ་ཁ་21ཡོད་པ་དེ་དག་སྣ་ཁ་རེ་རེའི་ཁ་གསབ་མཐོ་ཤོས་ལ་སྒོར་200ལྟར་བརྩིས་ན་འཛད་སྤྱོད་པས་མཐོ་ཤོས་ལ་སྒོར་1000ལས་མི་བརྒལ་བའི་ཁ་གསབ་ལེན་རྒྱུ་ཡོད་པ་རེད།
(བདེ་དབང་གིས་བསྒྱུར། ཉི་དོན་གྱིས་ཞུས)