03

སྐྱེད་མའི་འགྲམ་པ། ལྗང་གཞོན། 2024年12月08日

རབ་རིབ་ཀྱི་བྱིས་པའི་དུས་ན།

སྐྱེད་མས་བདག་ལ་འགྲམ་པ་ཡང་ཡང་སྦྱར་མྱོང་།

རྡུལ་འཚུབ་འཚུབ་ཀྱི་སྐྱེད་མའི་འགྲམ་པ་དེ།

ང་རང་གི་དྲན་སྣང་དུ་ཚ་སོབ་སོབ་ཅིག་ཡོད།

མི་ལོ་སུམ་ཅུ་ལྷག་ཡུད་ཙམ་ངང་འདས་སོང་།

ཚ་སོབ་སོབ་ཀྱི་སྐྱེད་མའི་འགྲམ་པ་དེ།

ང་རང་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ཏེ།

རིམ་བཞིན་བདག་གི་དྲན་སྣང་ཁོ་ནའི་ནང་དུ་གནས།

དེ་རིང་། གངས་རིའི་ར་བ་ནས་ཐོན་ཉུང་བའི་ང་རང་།

ཐག་རིང་ཡོ་རོབ་ཏུ་འགྲོ་གཏན་འཁེལ་སྐབས།

ཕ་རོལ་རི་གྲོང་དུ་གནས་པའི་སྐྱེད་མས།

དེ་སྔ་བྲལ་མ་མྱོང་བའི་རྡོ་ཁང་གི་སྒོ་མོ་ནས་ཐོན་ཏེ།

འཁར་བ་དང་འགྲོགས་ནས་ང་རང་གི་མདུན་དུ་ཕེབས།

དཀའ་སྡུག་གི་འཚོ་བའི་འཕྲང་ལམ་ནས་འོང་བའི་སྐྱེད་མས།

ཡིད་ཤིན་ཏུ་མི་བདེ་བའི་ངང་།

བདག་ལ་འགྲམ་པ་ཡུན་རིང་སྦྱར་ཞིང་།

སྐྱུར་ཅང་ཅང་གི་ཆུ་རྒྱུན་ཞིག

སྙིང་རྩེ་ནས་བདག་གི་ངོ་སྟེང་དུ་གཏོར།

མ་གཞི། མི་ཚེའི་དཀའ་སྡུག་བཀོད་པའི་སྐྱེད་མའི་ངོ་གདོང་།

ད་ལྟ་ཀོ་བ་སྐམ་པོ་ལྷེབ་ཙམ་དང་འདྲ་མོད།

འོན་ཀྱང་། ཚ་སོབ་སོབ་ཀྱི་དྲོད་སྣང་དེ་མ་ཡལ་ལ།

ཚ་སོབ་སོབ་ཀྱི་ཚོར་སྣང་དེ་ཡང་མ་བརྗེད་པས།

མགྲིན་པར་མདུད་པ་ཐེབས་པའི་ང་རང་།

སླར་བྱིས་པའི་དུས་རབས་སུ་ལོག་སྟེ།

མི་ལོ་སུམ་ཅུ་ལྷག་བསྐམས་པའི་མིག་ཆུའི་མཚོ་མོ།

ད་ལྟ་སླར་ཡང་ལུད་བྱུང་།