འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ཀྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་མ་འཇོག་འོས་སྦྱོར་ངོ་འཕྲད་གྲོས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ། ལེའོ་ཉིང་། ཧྲང་ཧའེ་སོགས་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་10ནས་ཡོང་བའི་ཁེ་ལས་70ལྷག་ཙམ་གྱི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད།
འོས་སྦྱོར་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་དྲིལ་བསྒྲགས་པར་གཞི་བསྟན་པ་དང་། རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་གཙང་མ་དང་། མཐོ་གསར་གྲངས་འཛིན། བོད་ལུགས་གསོ་རིག ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་བཅས་ཀྱི་ཐོན་ལས་བཞིའི་སྣེ་ཁྲིད་སྡེ་ཚན་དང་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས། བོད་ཀྱི་ནུས་རྒྱུ་གཙང་མ་དང་མཐོ་གསར་གྲངས་འཛིན་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འཕེལ་རྒྱས་འཆར་འགོད་དང་། མ་འཇོག་ཁ་ཕྱོགས། བོད་ཀྱི་དམིགས་བསལ་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས། གཙོ་གནད་ཚོང་འགུགས་རྣམ་གྲངས་བཅས་ཕྱོགས་ཡོངས་ནས་འོས་སྦྱོར་བྱས་ཡོད། འོས་སྦྱོར་ཚོགས་འདུ་འཚོག་སར་ད་དུང་རྣམ་གྲངས་ངོ་འཕྲད་གྲོས་མོལ་གྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ནས་རྣམ་གྲངས་གཉེར་མཁན་དང་ཚོགས་ཞུགས་ཁེ་ལས་ངོ་ཐུག་གདོང་འཕྲད་ཀྱིས་རྣམ་གྲངས་མ་འཇོག་གི་ངོ་འཕྲད་གྲོས་མོལ་བྱེད་དུ་བཅུག་ཡོད།
རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་དབྱང་ཀྲི་ཡུང་གིས“གོམ་སྟབས་རྗེས་མར་ད་ཐེངས་ཀྱི་ཚོགས་འདུའི་ངོ་འཕྲད་གྲོས་མོལ་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཁེ་ལས་དང་སྤེལ་རེས་གཏིང་ཟབ་བྱེད་པ་དང་ཁེ་ལས་རྩེ་གྲ་དེ་བས་མང་བ་བོད་དུ་མ་འཇོག་བྱ་རྒྱུའི་ཡིད་དབང་བཀུག་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་གི་ཡིན”ཞེས་བཤད།
(པ་ཕན་གྱིས་བསྒྱུར། རྡོ་རྗེ་དང་པ་ཕན་གྱིས་ཞུས)