03

བྱ་དེ་ཁྲུང་ཁྲུང་དཀར་མོ། གཤོག་རྩལ་ངོམས་ནས་ཕེབས་ཤོག —— “ཀྲུང་གོའི་མི་བཟང་གི་མིང་ཐོར”ཚུད་པའི་བསྟན་འཛིན་གྱི་སྐོར་བཀོད་པ། 2024年12月06日

བསྟན་འཛིན་གྱིས་ཁྲུང་ཁྲུང་ལ་ལྟོ་སྟེར་བཞིན་པ།

གསར་འགོད་པ། བསྟན་འཛིན་ཆོས་གྲགས

ཉེ་ཆར། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་2024ལོའི་དུས་ཚིགས་གསུམ་པའི“ཀྲུང་གོའི་མི་བཟང་གི་མིང་ཐོ”ཁྱབ་བསྒྲགས་བྱས་པའི་ནང་བོད་ཀྱི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་བ་བསྟན་འཛིན་ཡང་ཚུད་པའི་ཆ་འཕྲིན་ཞིག་མི་མང་པོས་གྲོགས་ཚོམས་སུ་ཡང་ཡང་བརྒྱུད་སྐུར་བྱེད་བཞིན་ཡོད་ཅིང་། ཏང་ཡོན་རྒན་གྲས་ཤིག་གིས་དཀའ་བ་མཐའ་དག་དང་དུ་བླངས་ནས་ལོ་དགུ་ཡི་རིང་ཉིན་གཅིག་ལྟར་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོང་བྱས་པའི་གཏམ་རྒྱུད་ཀྱིས་གསར་འགོད་པར་སེམས་འགུལ་ཆེན་པོ་ཐེབས་པས། དེ་འཕྲལ་ཁོང་ལ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།

ད་ལོ་ལོ་62ལ་སླེབས་པའི་བསྟན་འཛིན་གྱིས་དེ་ཉིན་རྒྱ་གར་ཞྭ་མོ་རྫ་མདོག་ཅིག་གྱོན་པ་དང་སྟོད་གོས་སྔོ་ནག་ཅིག་གྱོན་འདུག མ་གཞི་གཟུགས་པོ་དེ་ཙམ་ཆེན་པོ་མེད་ཁར་དཔྲལ་བ་དང་མིག་མཐར་གཉེར་མའི་བང་རིམ་ཆགས་རུང་། ཕར་ལ་བལྟས་པ་ཙམ་གྱིས་སྒབ་ཟོར་ཡང་ཞིང་སྡུག་རུས་འཁྱོག་པ་ཞིག་ཡིན་པ་ངང་གིས་རྟོགས་འོང་།

བསྟན་འཛིན་གྱིས། “ད་ལྟ་སྟོན་ཐོག་བརྔས་ཟིན་པས་ཁྲུང་ཁྲུང་མང་པོ་ཞིང་ནང་དུ་ཟས་འཚོལ་བར་སླེབས་ཡོད། ངས་གྲོ་འགྱིག་ཤོག་གང་ཁྱེར་ནས་ཁྲུང་ཁྲུང་ལ་སྟེར་རྩིས་ཡོད”ཅེས་གྲོ་རྡག་རྡག་གང་བླུགས་པའི་འགྱིག་ཤོག་དཀར་པོ་དེ་གསར་འགོད་པར་བསྟན་བྱུང་། གསར་འགོད་པས་བསྟན་འཛིན་དང་མཉམ་དུ་ཁྲུང་ཁྲུང་ལ་གྲོ་སྟེར་ཞོར་ཁོང་དང་ཅི་འཕྲོས་མོལ་འཕྲོས་བྱས་པ་ཡིན།

2015ལོ་ནས་བཟུང་། བསྟན་འཛིན་གྱིས་ཁྲུང་ཁྲུང་སྐེ་ནག་གི་སྐོར་སྲུང་བ་ཞིག་བྱས་ཤིང་། ལས་ཀ་དེར་དགའ་ཞེན་ཆེ་བའི་དབང་གིས་ལོ་9ལྷག་ཙམ་གྱི་རིང་ཁོང་གིས་ངལ་བ་དང་འཁང་ར་རྒྱབ་ཏུ་བསྐྱུར་ཏེ། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ད་བར་ལས་གནས་དེ་བརྟན་སྲུང་བྱས་ཡོད། ཁོང་གིས་དགའ་བའི་འཛུམ་དང་སྤྲོ་བའི་ཉམས་ཀྱིས། “ངས་ཁྲུང་ཁྲུང་སྐེ་ནག་ལ་སྐོར་སྲུང་བྱེད་པའི་ལས་ཀ་དེ་རང་གི་གཟི་བརྗིད་ཅིག་ལ་བརྩི་བཞིན་ཡོད”ཅེས་བརྗོད།

ལོ་རེའི་ཟླ་10པ་ནས་སང་ལོའི་ཟླ་3པའི་བར། ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་འཕན་པོ་ལྷུན་གྲུབ་རྫོང་ཁོངས་ཀྱི་ཆུ་འགྲམ་དུ་དགུན་སྒྲོལ་ལ་ཡོང་གི་ཡོད་པས། དུས་སྐབས་དེ་ནི་བསྟན་འཛིན་གྱི་ངོས་ནས་བརྗོད་ན་བྲེལ་བ་ཆེ་ཤོས་ཀྱི་དུས་རེད། བསྟན་འཛིན་གྱིས། “ལོ་ལྟར་དུས་མཚམས་འདིར་སླེབས་སྐབས་ངས་སྔ་ས་ནས་གྲ་སྒྲིག་ཡག་པོ་བྱས་ཏེ་ཁྲུང་ཁྲུང་སྐེ་ནག་ཁྱིམ་དུ་ལོག་རྒྱུར་རེ་སྒུག་བྱས་ནས་སྡོད་ཀྱི་ཡོད་ལ། ཁོང་ཚོ་དགུན་སྒྲོལ་དུ་སླེབས་པ་མཐོང་འཕྲལ་དེ་མ་ཉིད་དུ་གཏམ་བཟང་དེ་ཚང་མར་ཤོད་ཀྱི་ཡོད། སང་ལོའི་ཟླ་3པར། ཁྲུང་ཁྲུང་སྐེ་ནག་བྱང་དུ་འཕུར་འགྲོ་སྐབས་ང་ཚོར་ནང་མི་ཕྱོགས་ལ་ཐོན་པ་བཞིན་བྲལ་མི་ཕོད་པའི་ཚོར་སྣང་ཡོང་གི་འདུག”ཅེས་བརྗོད།

བསྟན་འཛིན་གྱིས་ཉིན་ལྟར་ཁོང་གི་གློག་སྒུལ་སྦག་སྦག་བཞོན་ནས་མཁར་གདོང་གྲོང་ཚོ་ནས་སྟག་མགོ་ཆུ་མཛོད་བར་གྱི་ས་ཁོངས་སུ་སྐོར་གཡེང་བྱས་ཏེ། ཁྲུང་ཁྲུང་སྐེ་ནག་ལྕགས་དྲར་འཁོན་མིན་དང་གློག་སྐུད་ལ་རྡུང་ག་ཐེབས་མིན། ཁྱིས་རྨུགས་པའམ་ཡང་ན་ནད་ཀྱིས་མནར་མིན་སོགས་ལ་སྐོར་གཡེང་དུ་འགྲོ་བ་མ་ཟད། ད་དུང་ཁྲུང་ཁྲུང་སྐེ་ནག་ཚུད་པའི་རི་དྭགས་སྣ་ཚོགས་ལའང་ལྟ་སྐྱོང་ཚགས་ཚུད་པོ་བྱེད་ཀྱི་ཡོད། སྟག་མགོ་ཆུ་མཛོད་ཀྱི་མཐའ་འཁོར་མང་ཚོགས་ལ་རང་ཉིད་ཀྱི་ཁ་པར་ཨང་གྲངས་སྤྲད་ནས། གལ་སྲིད་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་མཐོང་ཚེ་དུས་ཐོག་ཏུ་འབྲེལ་བ་བྱེད་དགོས་པའི་རེ་བ་འདོན་གྱི་ཡོད།

“ངས་བསྐྱབས་པའི་ཁྲུང་ཁྲུང་སྐེ་ནག་དེ་དག་སླར་ཡང་མཁའ་དབྱིངས་སུ་འཕུར་ནས་རང་བྱུང་ཁམས་ཀྱི་པང་དུ་ལོག་པ་མཐོང་སྐབས་སེམས་ལ་དགའ་ཚོར་ཆེན་པོ་ཡོང་གི་འདུག”ཅེས་བསྟན་འཛིན་གྱིས་སྤྲོ་སྣང་ཆེན་པོས་བཤད། 2015ལོ་ནས་ད་བར། ཁོང་གིས་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་4ཙམ་བསྐྱབས་ཤིང་། དེའི་རིང་ཁྲུང་ཁྲུང་སྐེ་ནག་གིས་གཙང་འགྲམ་གྱི་བྱེ་མ་ཏོག་ཙམ་འདྲེས་པའི་ཆུ་ལས་ཆུ་གཞན་དག་མི་འཐུང་བ་སོགས་ཁྲུང་ཁྲུང་སྐེ་ནག་གི་འཚོ་བའི་གོམས་གཤིས་མང་པོར་ཡང་རྒྱུས་མངའ་ཐུབ་ཡོད།

སྐོར་གཡེང་བྱེད་རིང་། ཁྲུང་ཁྲུང་སྐེ་ནག་ལྕགས་དྲར་འཁོན་ཡོད་མེད་སོགས་ལྟ་དགོས་པ་ཕུད། ད་དུང་སྟག་མགོ་ཆུ་མཛོད་ཀྱི་ཉེ་འགྲམ་དུ་ལྐོག་ཏུ་ཉ་འཛིན་མཁན་ཡོད་མེད་ལའང་སྐོར་སྲུང་བྱེད་དགོས་ཀྱི་ཡོད། གང་ལགས་ཤེ་ན། སྟག་མགོ་ཆུ་མཛོད་ཀྱི་ཉེ་འགྲམ་དུ་ཡོད་པའི་ཉ་རིགས་ནི་ཁྲུང་ཁྲུང་སྐེ་ནག་གི་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན་ཞིང་། ཉ་བཟུང་ཚེ་ཁྲུང་ཁྲུང་སྐེ་ནག་གི་ཟས་ཕྲོགས་པ་དང་གཉིས་སུ་མ་མཆིས་པས། ཉ་འཛིན་མཁན་གཏན་འགོག་བྱེད་པ་དེའང་ཁོང་གིས་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོང་བྱེད་པའི་ལས་ཀའི་ནང་དོན་གལ་ཆེན་གཞན་ཞིག་རེད།

“ཀྲུང་གོའི་མི་བཟང་གི་མིང་ཐོར”ཚུད་རྗེས་ཀྱི་མྱོང་ཚོར་སྐོར་གླེང་སྐབས་བསྟན་འཛིན་གྱིས། “མིང་ཐོ་དེའི་ནང་ཚུད་པར་དགའ་ཚོར་ཆེན་པོ་བྱུང་། འདི་ནི་འབྲེལ་ཡོད་ཚན་པས་ངའི་ལས་ཀར་ཁས་ལེན་གང་ལེགས་གནང་བ་ཞིག་རེད། ངས་མུ་མཐུད་དེ་ལས་ཀའི་རྒྱུན་སྐྱོང་ངེས་ཡིན་ལ། ཚང་མས་ཀྱང་ཁྲུང་ཁྲུང་སྐེ་ནག་དང་འདབ་ཆགས་ཀུན་ལ་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི་རེ་བ་ཆེན་པོ་ཡོད”ཅེས་བརྗོད།

མིག་སྔར། ལྷུན་གྲུབ་རྫོང་དུ་དགུན་སྒྲོལ་ལ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་2005ལོའི་1200ལྷག་ཙམ་ནས་ད་ཆའི་2300ལྷག་ཙམ་བར་མང་དུ་ཕྱིན་ཡོད་པས། བསྟན་འཛིན་དང་འདྲ་བའི་ཁྲུང་ཁྲུང་སྐེ་ནག་གི་སྐོར་སྲུང་བ་ཚོའི་ལས་འགན་ཇེ་ཆེ་དང་ལས་འབོར་ཇེ་མང་དུ་འགྲོ་བཞིན་པ་ནི་སྨོས་མེད་རེད། (བསྟན་འཛིན་ཆོས་གྲགས། ཕུན་ཚོགས་ཚེ་རིང་། སྦྱིན་པ་ཚུལ་ཁྲིམས། བློ་བཟང་ཕུན་ཚོགས་བཅས་ཀྱིས་པར་བརྒྱབ)