འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཞིང་འབྲོག་པའི་བསམ་པའི་དཔལ་ཡོན་སྲོལ་གཏོད་དང“དུས་རབས་གསར་པ། ས་སྐྱ་གསར་པ། དར་སྲོལ་གསར་པ། འཚོ་བ་གསར་པ”བཅས་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས་དུས་རབས་གསར་པའི་བསམ་པའི་དཔལ་ཡོན་གྱི་དཔེ་སྟོན་ཁུལ་གསར་འཛུགས—ཁྱིམ་ཚང་དང་མི་སྒེར་གྱི་གཙང་སྦྲའི་མཁོ་ཆས་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་སྒྲོག་འགྲེལ་པས་དཔེ་དྲངས་པ་དང་། འགྱུར་ལྡོག་གླེང་བ། བསྡུར་བ་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ཚོགས་ཞུགས་ཞིང་འབྲོག་མང་ཚོགས་ལ་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་ཆབས་ཅིག་ལས་དོན་པས་ད་དུང་ཆུ་ཤོད་གྲོང་ཚོ་དང་། ཆུ་འདུས་གྲོང་ཚོ། བཀྲ་ཤིས་སྒང་གྲོང་ཚོ་བཅས་ཀྱི་དུད་ཚང་285ཡི་མང་ཚོགས་ལ་ཉལ་ཆས་དང་དྲི་ཞིམ་དག་རྫས་སོགས་དངོས་རྫས་སྤྲད་པ་རེད། ཚང་མས་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་འཇགས་པར་བྱས་ནས་ཤེས་དཔལ་སྲོལ་གསར་གཏོད་པ་དང་ཁྱིམ་སྲོལ་བཟང་པོ་སྐྱེད་སྲིང་བྱས་ཏེ་སྒོ་རའི་ཁོར་ཡུག་མཛེས་པ་དང་། བཟའ་བཏུང་འགྲོ་འདུག་གཙང་བ། བསམ་པའི་ཉམས་འགྱུར་ལེགས་པ། གྲོང་ཚོའི་རྣམ་པ་མཛེས་པ་བཅས་ཡོང་བར་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།