06

འབྲོང་པ་རྫོང་གི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་ལེགས་རྩེ་འགག་སྒོའི་འཕེལ་རྒྱས་ཀྱི་ཆེད་དོན་བཞུགས་མོལ་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་པ། 2024年12月06日

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “སྤྲིན་རྩེའི་འབྲོག་ར། མཐའ་ཡས་འབྲོང་པ”བརྗོད་དོན་གཙོ་བོར་བྱས་པའི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་ལེགས་རྩེ་འགག་སྒོ་འཕེལ་རྒྱས་ཀྱི་ཆེད་དོན་བཞུགས་མོལ་ཚོགས་འདུ་ཧྲང་ཧའེ་རུ་འཚོཌ་པ་རེད།

ཚོགས་འདུའི་ཐོག་འབྲོང་པ་རྫོང་གི་ཏང་སྲིད་འཐུས་མི་ཚོགས་པ་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་120ལྷག་ཙམ་དང་ཁེ་ལས་མཁས་ཅན་མཉམ་འཛོམས་ཀྱིས་འབྲོང་པ་རྫོང་དང་ལེགས་རྩེའི་འགག་སྒོའི་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་དུ་བཀོད་པ་དང་མཛའ་གྲོགས་གཉིས་ཕན་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་མཉམ་དུ་བཙུགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོའི་རིང་། རྣམ་གྲངས་10ལ་གཅིག་བསྡུས་ཐོག་གན་རྒྱ་བཞག་པའི་ནང་ཁྱད་ལྡན་ཐོན་རྫས་གསར་སྤེལ་དང་རིག་གནས་སྤུས་རྟགས་གཏོད་པ། ཡུལ་སྐོར་ལམ་ཐིག་གསར་གཏོད་དང་རྒྱལ་གྲོལ་ཡུལ་སྐོར། ཀྲུང་ལུགས་སྨན་རྫས་འདེབས་འཛུགས་དང་བོད་ཁུལ་གྱི་ཁྱད་ལྡན་རྩི་ཤིང་ཐོན་ལས། འགག་སྒོའི་ཚོང་དོན་དང་ཁོངས་བརྒལ་དྲ་ཐོག་ཚོང་དོན། བོད་ཁུལ་ཞིང་ལས་ཕྱིར་ཚོང་ནུས་སྦྱིན། ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་དང་གསར་གཏོད་གསར་སྤེལ། ལེགས་རྩེ་འགག་སྒོའི་གཉེར་སྐྱོང་། དྲ་ཐོག་ཁྱབ་གདལ་དྲ་ཐོག་ཚོང་དོན་སོགས་ཀྱི་གཙོ་གནད་ཐོན་ལས་ཁྱབ་ཁོངས་ཚུད་ཡོད་པ་དེ་དག་གིས་འབྲོང་པ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་། ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བར་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད།

འབྲོང་པ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་གཞུང་གི་རྒྱུན་ལས་རྗོང་དཔོན་གཞོན་པ་ལིའུ་ཅིན་པོ་ཡིས། ད་ཐེངས་ཀྱི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་དེས་འབྲོང་པ་དང་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་ཁེ་ལས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་ཕྱིན་པ་མ་ཟད། འབྲོང་པའི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འཕྲོག་ཤུགས་ཀྱང་ཆེ་རུ་ཕྱིན་པ་དང་། འབྲོང་པའི་སླད་ཕྱིན་གྱི་འཕེལ་རྒྱས་ལའང་བསམ་ཕྱོགས་གསར་པ་དང་། ཐོན་ཁུངས་གསར་པ། གསོན་ཤུགས་གསར་པ་བཅས་མཁོ་འདོན་བྱས་ཡོད་ཅེས་བཤད། (བསོད་ནམས་ལྷ་མཚོས་བསྒྱུར། ཉི་དོན་གྱིས་ཞུས)