འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་གད་སྙིགས་གནོད་མེད་ཅན་གྱི་ཐག་གཅོད་སྒྲིག་བཀོད་འཛུགས་སྐྲུན་དང་། གཉེར་སྐྱོང་ཉམས་བཟོ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་ཉམས་བཟོ་སོགས་ཀྱི་ཐད་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
མིག་སྔའི་བར་མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་3.4བཏང་ནས་རྫོང་རིམ་པའི་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་ཐག་གཅོད་སྒྲིག་བཀོད་11བསྐྲུན་ཡོད། མ་དངུལ་སྒོར་ཁྲི་3280བཏང་ནས་ཤང་རིམ་པའི་གད་སྙིགས་བརྒྱུད་སྐྱེལ་ས་ཚིགས་བསྐྲུན་པ་དང་ཇུས་འགོད་ལྟར་ན་བརྒྱུད་སྐྱེལ་བྱེད་ཚད་ཉིན་རེར་ཆ་སྙོམས་ཏུན་48.8ཟིན་ཡོད། མངའ་རིས་ས་ཁུལ་དང་། རུ་ཐོག དགེ་རྒྱས། སྒེར་རྩེ་བཅས་རྫོང་གྲོང་གསུམ་གྱིས་མ་དངུལ་སྒོར་ཁྲི་2640.77བཏང་ནས་འཚོ་བའི་གད་སྙིགས་རིགས་དབྱེའི་རྣམ་གྲངས་ལག་ལེན་བསྟར་ཏེ་རིགས་བཞིའི་གད་སྙིགས་བླུགས་སྣོད་དང་། གད་སྙིགས་ཆེ་རིགས་ཐག་གཅོད། བཟའ་བཏུང་གད་སྙིགས་ཐག་གཅོད་སྒྲིག་བཀོད། གད་སྙིགས་རིགས་དབྱེའི་བསྡུ་འདྲེན་རླངས་འཁོར་དང་ཟ་ཁང་གི་གད་སྙིགས་ཐག་གཅོད་འཁོར་ཁང་སོགས་ཀྱི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་བ་དང་། ལོ་ལྟར་ཆེད་དོན་གྲོན་དངུལ་སྒོར་ཁྲི་3བཀོད་སྒྲིག་བྱས་ནས་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་ལས་དོན་སྤེལ་ཏེ་གྲོང་མིའི་གད་སྙིགས་རིགས་དབྱེའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད་པ་རེད། རུ་ཐོག་རྫོང་གིས་མ་དངུལ་སྒོར་ཁྲི་648བཏང་ནས་འཛུགས་སྐྲུན་གད་སྙིགས་རིགས་དབྱེ་ཧྲུག་བཅག་གཏོང་བའི་འཕྲུལ་ཆས་ཉོས་ནས་ཉིན་རེར་འཛུགས་སྐྲུན་གད་སྙིགས་ཏུན་1500ཐག་གཅོད་བྱས་པ་དང་། རྫོང་གཞན་དུ་འཛུགས་སྐྲུན་གད་སྙིགས་གནས་སྐབས་གསོག་འཇོག་བྱ་ཡུལ་དམིགས་སུ་བཙུགས་པ་མ་ཟད། སྒྲིག་བཀོད་རྣམ་གྲངས་གསོག་འཇོག་དང་ཐག་གཅོད་ཧུར་ཐག་བྱས་ཡོད། མིག་སྔར་མངའ་རིས་ས་ཁུལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་བྱེད་ཚད་99.94%ཟིན་ཡོད་པ་རེད།