མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྟོན་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ཤེས་རྟོགས་དང་ལག་བསྟར་གཏིང་ཟབ་དང་། མེ་ཟོན་རོགས་སྐྱོབ་མི་སྣ་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་སྒྲུབ་པར་སློབ་གསོ་ཁྲིད་སྟོན་བྱ་ཆེད། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་གནང་བ་དང་འབྲེལ་སློབ་སྟོན་བཀའ་སློབ་གནང་ནས་ལོ་དྲུག་འཁོར་བའི་སྐབས་སུ་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཏེ། དུས་རབས་གསར་པའི་བོད་ཤར་གྱི་མེ་ཟོན་དཔུང་ཁག་གིས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་མ་ཟད། མེ་ཟོན་རོགས་སྐྱོབ་མི་སྣ་ཡོངས་ཀྱིས་དུས་རབས་གསར་པར་གཞི་ཚུགས་པ་དང་བྱས་རྗེས་གསར་པ་བཞག་ནས་མེ་ཟོན་རོགས་སྐྱོབ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།
དར་ཆས་ཁ་ཕྱོགས་ལ་སྣེ་ཁྲིད་དང་སློབ་སྟོན་བཀའ་སློབ་ལས་མངགས་བཅོལ་ཟབ་མོ་གཅིག་ཏུ་བསྒྲིལ། ཉིང་ལག་རུ་ཁག་གི་རིམ་ཁག་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་དར་ཆ་གནང་བ་དང་སློབ་སྟོན་བཀའ་སློབ་ཀྱི་བརྙན་ལམ་ལྟ་བ་དང་རུ་ཞུགས་ཀྱི་དམ་བཅའ་བསྐྱར་དྲན་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་དམངས་ལ་ཞབས་འདེགས་ཞུ་བའི་བསམ་བློ་སྔར་བས་ཟབ་ཏུ་བཏང་བ་རེད།
ཐོག་མའི་བསམ་འདུན་མ་བརྗེད་པར་གཟུགས་བརྙན་བཟང་པོ་བཏོད་ཅིང་། དཔུང་སྡེའི་དྲིལ་བསྒྲགས་གྱང་ངོས་སུ་མེ་ཟོན་རོགས་སྐྱོབ་མི་སྣའི་འདོར་ཐབས་མེད་པའི་འགན་འཁྲིའི་དོན་ཚན་བཀོད་ནས་རུ་མི་ཚོས་མེ་ཟོན་རོགས་སྐྱོབ་ཀྱི་ཕྲག་ཐོག་གི་འགན་འཁྲི་ཤེས་ཐུབ་པ་དང་ངེས་ཐུབ་པར་བྱས་ཡོད། གྱང་ངོས་སུ་བྲིས་པའི“དད་སེམས་བརྟན་གཏོང་། ལས་བརྩོན་ལས་བཀུར”དང་། “ཞབས་ཞུ་གོང་བཀུར། ལྷག་བསམ་དོན་སྒྲུབ”“རང་འགན་གཙང་སྒྲུབ་བྱེད། ཟོལ་མེད་ཞབས་འདེགས”སོགས་དམ་བཅའི་ཚིག་ལས་འགན་འཁྲི་དང་ལག་ལེན་གང་ལེགས་མངོན། དེ་དང་ཆབས་ཅིག་ཉིང་ལག་རུ་ཁག་གི་ལས་ཁུངས་ཏང་ཨུད་ཀྱིས“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་གོ་སྐབས་དམ་འཛིན་བྱས་ཏེ་ལས་ཀའི་གྲུབ་འབྲས་ཀྱི་འགྲེམས་པང་བཟོས་ནས་ཕྱི་ཕྱོགས་ལ་དཔུང་ཁག་སྒྱུར་བཅོས་བྱས་ནས་ལོ་6རིང་གི་འཕེལ་རྒྱས་འཛུགས་སྐྲུན་གྱི་གྲུབ་འབྲས་དང་སྔོན་ཐོན་དཔེ་མཚོན་གསོན་ཉམས་དོད་པོས་བསྟན་ནས། བཅའ་སྡོད་བྱ་ཡུལ་མང་ཚོགས་ཚོས་དུས་རབས་གསར་པའི་བོད་ཤར་མེ་ཟོན་དཔུང་ཁག་གི་ཞབས་འདེགས་ཞུས་ནས་ལེགས་སྐྱེས་འབུལ་བ་དང་བློ་གཅིག་སེམས་གཅིག་གིས་དམངས་ཆེད་ལས་སྒྲུབ་ཀྱི་དུས་རབས་ཀྱི་ཉམས་འགྱུར་ཚོར་ཐུབ་པ་བྱུང་ཡོད།
སྦྱོང་བརྡར་གྱི་གྲུབ་འབྲས་ལ་ཞིབ་བཤེར་བྱས་ནས་མེ་ཟོན་དཔུང་ཁག་གི་རྩལ་ནུས་མངོན་པར་བྱས་ཤིང་། འཐབ་ནུས་ཀྱི་ཚད་གཞི་མཐའ་འཁྱོངས་བྱས་ནས་ཟླ་11ཚེས་9ཉིན་ཉིང་ལག་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་སྲིད་གཞུང(ཁེ་ལས)གི་ཆེད་བསྐོས་མེ་གསོད་རུ་ཁག་གི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ལེགས་འགྲུབ་བྱུང་ཞིང་། གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་སྲིད་གཞུང་གི་ཆེད་བསྐོས་མེ་གསོད་རུ་ཁག་22དང་ཁེ་ལས་ཀྱི་ཆེད་བསྐོས་མེ་གསོད་རུ་ཁག་8ཀྱི་འགྲན་ཞུགས་བདམས་ཐོན་པ་150འགྲན་བསྡུར་ནང་ཧུར་ཐག་ཞུགས་ཡོད། འགྲན་བསྡུར་བྱས་པ་བརྒྱུད། ཤང་དང་གྲོང་རྡལ་སྲིད་གཞུང(ཁེ་ལས)གི་ཆེད་བསྐོས་མེ་གསོད་རུ་ཁག་གི་མེ་གསོད་ཀྱི་འཇོན་ཐང་དང་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་གང་ལེགས་མངོན་ཡོད།
སློབ་སྟོན་བཀའ་སློབ་ཀྱི་དགོངས་དོན་ལག་བསྟར་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་སེམས་ལ་བརྟན་པོར་བཅངས་ཤིང་། “དམངས་ཆེད་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་སྤེལ་ནས་མེ་ཟོན་དང་བླངས་པའི་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་དང་། ཉིང་ལག་རུ་ཁག་གི་རིམ་ཁག་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་མེ་ཟོན་སློབ་གསོའི་རྟེན་གཞིའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་པ། ཆབ་མདོ་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་བྱེད་ཐབས་སྣ་ཚོགས་ཀྱི“མེ་ཟོན་ས་ཚིགས་ཀྱི་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྤེལ་བ། རྣམ་པ་གསར་པ་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མེ་ཟོན་དྲིལ་བསྒྲགས་བྱས་ནས་བཅའ་སྡོད་མི་དམངས་མང་ཚོགས་དང་དགེ་སློབ་སོགས་སྒར་ཁུལ་དུ་ལྟ་སྐོར་བྱེད་དུ་འཇུག་པ། མེ་ཟོན་རུ་མིའི་འཚོ་བར་ལྟ་སྐོར་དང་། མེ་ཟོན་རླངས་འཁོར་གྱི་སྒྲིག་ཆས་ལ་ལྟ་བ། མེ་གསོད་སྟངས་ཉམས་ལེན་སོགས་བྱས་ཡོད།
སློབ་གསོ་ལག་ལེན་ཟབ་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཞིང་། ཉིང་ལག་རུ་ཁག་གི་རིམ་ཁག་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་གོ་སྐབས་སུ་བྱས་ཏེ“དགོངས་པ་སློབ་སྦྱོང་དང་། སློབ་སྟོན་དཀའ་སློབ་ལག་བསྟར། སྒྱུར་བཅོས་ལ་སྐུལ་འདེད། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“བསྡུར་བ་བཞི་དང་ལྟ་བ་བཞིའི”ཆེད་དོན་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་པ་མ་ཟད། ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། ཏང་ཡོན་གྱི་ཚོགས་ཆེན། ཀྲི་པུའི་ཚོགས་འདུ་སོགས་བྱེད་ཐབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་སྒྲིག་འཛུགས་དང་། “སེམས་ཤུགས་གཅིག་སྒྲིལ་གྱིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་འབད་འབུངས་ཡར་བརྩོན་གྱིས་བྱས་རྗེས་གསར་པ་འཇོག་པའི”གྲོས་བསྡུར་ཆེན་པོའི་བྱེད་སྒོ་སྤེལ་ནས་ཐུན་མོང་གི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། ངར་ཤུགས་སྔར་བས་ཆེ་རུ་གཏོང་བ། དཔུང་ཁག་གི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཡོད།
(པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)