འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་30ཉིན་གནས་ཚུལ་འབྱོར་གསལ། ཟླ་11ཚེས་30ཉིན། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་དང་ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། བོད་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་རོགས་གཉེར་བྱས་པའི“གངས་ལྗོངས་ཀྱི་འདུ་འཛོམས། མཛེས་པའི་འཚོ་བ་ལོངས་སུ་སྤྱོད”ཅེས་པའི་བོད་ཀྱི་2024ལོའི་རིག་གནས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ཁམས་རྩེ་གྲའི་འགྲེམས་འཚོང་ཚོང་འདུས་ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ཝུའུ་ཧོའུ་ཚི་ལྷ་ཁང་ནུབ་སྒོའི་ཐང་ཆེན་དུ་འགོ་ཚུགས་པ་རེད།
ད་རེས་ཀྱི་འགྲེམས་འཚོང་ཚོང་འདུས་ཀྱིས“གངས་ལྗོངས་ཀྱི་འདུ་འཛོམས། མཛེས་པའི་འཚོ་བ་ལོངས་སུ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དེའི་དམིགས་ཡུལ་ནི། བོད་ལྗོངས་དང་སི་ཁྲོན་ས་ཁུལ་གཉིས་ཀྱི་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ས་ཁུལ་གཉིས་པོའི་དཔལ་འབྱོར་དང་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་བོད་དུ་གཞིས་ཆགས་པའི་ཚོང་འགུགས་མ་འདྲེན་ཁེ་ལས་ལ་ནུས་ཆེ་དང་། སྒོ་དབྱེ། གཉིས་ཕན་བཅས་ཀྱི་འགྲེམས་སྟོན་དང་ཕྱིར་ཚོང་གི་ལས་སྟེགས་ཤིག་གཏོད་པ་དང་། བོད་ཀྱི་སྤུས་ལེགས་རིག་གནས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ཁམས་ཀྱི་ཁྱད་ལྡན་ཐོན་རྫས་བོད་ནས་སི་ཁྲོན་དུ་འདོན་པར་སྐུལ་འདེད་གཏོང་བ།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) བོད་ཀྱི་ཐོན་རྫས་དང་དེ་བཞིན་རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་ནུས་པ་དང་། སྤུས་རྟགས་ཀྱི་ནུས་པ། མཚན་སྙན་ནུས་པ་བཅས་ཆེ་རུ་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།
འགྲེམས་འཚོང་ཚོང་འདུས་སུ་བོད་ཀྱི་གྲགས་ཅན་ཁེ་ལས་90ལྷག་ཙམ་འགྲེམས་སྟོན་ནང་ཞུགས་པ་དང་། ཐོན་རྫས་ཐད་ས་མཐོའི་ཁྱད་ལྡན་ཞིང་འབྲོག་དང་། ཡུལ་སྐོར་བསམ་བཀོད། བོད་ཀྱི་གསོ་བ་རིག་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་བཅས་རིགས་ཆེན་པོ་བཞི་དང་འབྲེལ་བ་ཡོད། འགྲེམས་ཚོགས་ཀྱི་ཡུལ་དངོས་སུ“ཐང་ག་དང་དེང་རབས་སྒྱུ་རྩལ”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་། མཉམ་པར་མཉམ་འགུལ་ཁུལ། བསམ་བཀོད་དང་བཟའ་བཏུང་གི་མཉམ་འདྲེས་ཁུལ། བོད་ཀྱི་རིག་གནས་ཉམས་ལེན་ཁུལ། ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་ཁུལ། གར་སྟེགས་ལེ་ཚན་ཁུལ། རིག་གནས་ཡུལ་སྐོར་གྱི་ལམ་ཐིག་ཁྱབ་གདལ་ཁུལ་བཅས་ཁག་བདུན་བཀོད་སྒྲིག་བྱས་ཡོད་པ་རེད། གཞན་ཡང་འགྲེམས་ཚོགས་ཀྱིས་ད་དུང་རིག་གནས་ཡུལ་སྐོར་ལམ་ཐིག་ཁྱབ་གདལ་ཁུལ་དུ་བོད་ཀྱི་ཡུལ་སྐོར་ལམ་ཐིག་དྲིལ་བསྒྲགས་ངོ་སྤྲོད་དང་ལེགས་འདེམས་བྱས་པ་མ་ཟད། ཡུལ་དངོས་སུ་ཕྱོགས་ཡོངས་ཀྱི་ཡུལ་སྐོར་བློ་འདྲི་དང་སྔོན་མངགས་ཀྱི་ཞབས་ཞུ་ཡང་མཁོ་འདོན་བྱས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་འགྲེམས་འཚོང་ཚོང་འདུས་དེ་ཟླ་12ཚེས་6ཉིན་བར་གཉེར་རྒྱུ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་དབང་གིས་ཞུས)