07

ཐོན་ལས་དཔག་བསམ་ལྗོན་པ་ལ། དགོས་འདོད་འབྲས་བུ་སྣ་ཚོགས་བཏགས། —— མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གིས་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བའི་སྐོར་བཀོད་པ། 2024年11月08日

བོད་བྱང་ཐང་གི་སྟོན་མཇུག་གི་ཡུལ་ལྗོངས་ནི་གཞན་དང་མི་འདྲ་བར་་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་ཅིང་། སྒེར་རྩེ་དང་། མཚོ་ཆེན། ཤན་རྩ་བཅས་རྫོང་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་ཤར་གངས་ལྕམ་གངས་རི་ཁ་བའི་འདབ་མ་དཀར་པོས་བཀླུབས་ནས་བརྗིད་ཉམས་ངང་འགྱིང་ངེར་གནས་ཡོད།

ཤར་གངས་ལྕམ་གངས་རིའི་ལྗོངས་གཟིགས་སྟེགས་བུ་ནས་རྒྱལ་ལམ་216བརྒྱུད་མཚོ་ཆེན་རྫོང་གྲོང་གི་ཕྱོགས་སུ་རླངས་འཁོར་བཏང་ནས་སྤྱི་ལེ་10ལྷག་ཙམ་བསྐྱོད་རྗེས། དེང་རབས་ཅན་གྱི་བཟོ་ཁང་དཀར་པོ་ཞིག་རི་ཚོགས་ཀྱི་འདབས་སུ་ཆགས་པ་དང་། ཟོག་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་ཡང་ཡང་བྱེད་པ་མཐོང་རྒྱུ་ཡོད་ཅིང་། འདི་ཁུལ་ནི་ད་ལོའི་ཟླ་བ་བདུན་པར་ཐོན་སྐྱེད་སླར་གསོ་ཐུབ་མ་ཐག་པའི་བོད་ལྗོངས་ཤར་གངས་ལྕམ་ཁེ་ལས་ཚད་ཡོད་ཀུང་སི་ཡིན་པ་དང་། གཙོ་བོ་མངའ་རིས་ཀྱི་ས་ཆ་འདི་གའི་སྤུས་རྟགས“ཤར་གངས་ལྕམ”གཏེར་ཆུ་ཐོན་སྐྱེད་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཤར་གངས་ལྕམ་རང་བྱུང་འཐུང་ཆུ་གསར་སྤེལ་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ནི་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གནད་སྨིན་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་ཤིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་3949བཏང་བའི་ནང་གཙོ་བོ་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་ཐོན་སྐྱེད་འཁོར་ཁང་གི་སྒྲིག་ཆས་ཉོ་སྒྲུབ་ཀྱི་རྣམ་གྲངས་ཚུད་ཡོད་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་དུད་ཚང་67གྱི་མང་ཚོགས་232ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

བོད་ལྗོངས་ཤར་གངས་ལྕམ་ཁེ་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་གི་ཅིང་ལི་ཙོའུ་ཏེ་ཧྲེང་གིས། ན་ནིང་ཀུང་སིས་གསར་བརྗེས་སྒྱུར་བཀོད་རིམ་སྤོར་བྱས་པ་དང་། ད་ལོའི་ཟླ་བ་བདུན་པའི་ཚེས་10ཉིན་དངོས་སུ་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་ཚུགས་ཐུབ་ནས་ཐོན་སྐྱེད་སྒྲུབ་རིམ་སྔར་བས་ལེགས་སུ་ཕྱིན་ཏེ། ཧྲེང་18.9དང་། ཧྲེང་5 ཧའོ་ཧྲེང་360ཡོད་པའི་ཐོན་སྐྱེད་སྒྲུབ་རིམ་ཁྱོན་3བསྐྲུན་པར། ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་དང་ཐོན་འབོར་མང་དུ་ཕྱིན་པ་མ་ཟད། མངགས་ཉོ་བྱེད་མཁན་ཡང་དེ་དང་བསྟུན་ནས་མང་དུ་ཕྱིན་ཡོད། སྔོན་དཔག་བྱས་ན། ལོ་རེའི་ཐོན་འབོར་ཏུན་5000ཡན་ཟིན་རྒྱུ་རེད། གོམ་སྟབས་རྗེས་མར། ཀུང་སིས་མཚོ་ཆེན་རྫོང་གི་རང་བྱུང་འཐུང་ཆུའི་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། དེང་རབས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་མུ་མཐུད་བཏང་ནས། ས་གནས་དེ་གའི་མང་ཚོགས་འབབ་འཕར་ལས་ཞུགས་ཐུབ་པར་སྔར་བས་སྐུལ་ཁྲིད་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས།

མཚོ་ཆེན་རྫོང་ཟླ་གཞུང་ཤང་ཟླ་བ་གྲོང་ཚོའི་ཡུལ་མི་སྲི་འཛིན་གྱིས་ཀུང་སིར་ཐོན་རྫས་ཐུམ་སྒྲིལ་རྒྱག་པའི་ལས་ཀའི་འགན་འཁུར་གྱི་ཡོད་པ་དང་། ཁོང་གིས་ལས་ཀ་འདིར་དགའ་ཞེན་ཆེན་པོ་ཡོད། ཁོང་གིས“ད་ཆ་ང་ལ་ཉིན་གླ་སྒོར་220ཡོད་པ་དང་། འདི་ཁུལ་དང་རང་ཁྱིམ་ཐག་ཉེ་བ་མ་ཟད་ད་དུང་ཟས་སྡོད་འགན་ལེན་བྱེད་ཀྱི་ཡོད་པས། ཆ་རྐྱེན་ཧ་ཅང་ཡག་པོ་འདུག”ཅེས་བརྗོད། (པ་ཚེས་བསྒྱུར། པ་ཚེ་དང་ཚེ་རིང་བུ་ཁྲིད་ཀྱིས་ཞུས)