ནགས་ཚལ་མེ་ཟོན་བཀོད་འཐབ་པ་ལུའོ་ཧྲི་ཤིན་གྱིས་མེས་རྒྱལ་གྱི་ལྗང་མདོག་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཞིང་། ཁོང་ནི་ཉར་ཚགས་བྱེད་རྒྱུར་དགའ་བ་དང་ཡིག་རིས་ལ་དགའ་པོ་ཡོད་མཁན་ཞིག་ཀྱང་རེད།
2020ལོར་ལོ་24ལ་སླེབས་པའི་ལུའོ་ཧྲི་ཤིན་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་རུ་མི་ཞིག་ཏུ་གྱུར། བོད་དུ་ལོ་བཞི་སྡོད་རིང་ཁོང་གིས་རོགས་སྐྱོབ་ཀྱི་བྱ་སྤྱོད་མང་པོའི་ནང་ཞུགས་ཤིང་། དེ་དག་ཁྲོད་ཁོང་ལ་བག་ཆགས་ཟབ་ཤོས་ནི་2022ལོའི་ཟླ་3ཚེས་7ཉིན་གྱི་ཉིང་ཁྲིའི་མེ་གསོད་དམག་འཐབ་དེ་རེད། དེ་ཉིན་ཁོང་ནི་གསར་འགྱུར་འཕྲིན་སྤེལ་བ་ཞིག་ཡིན་ལ། ད་དུང་ལས་འགན་ལྕི་པོ་ཁུར་བའི་ཆུ་སྦུག་འཁྱེར་མཁན་ཞིག་ཀྱང་ཡིན། ས་བབ་མཐོ་ཚད་སྨི་4000ཡོད་པ་དང་གཟར་ཚད་ཏུའུ་70ཟིན་པའི་གཡང་གཟར་དུ་ཁོང་གིས་རྒྱ་མ་40ཡོད་པའི་ཆུ་སྦུག་ཁུར་ནས་དཀའ་ཚེགས་ཆེན་པོས་མདུན་སྐྱོད་བྱེད་པ་དང་གོམ་སྟབས་སྤོ་ཐེངས་རེར་དཀའ་ལས་དང་ཉེན་ཁས་ཁེངས། ལུའོ་ཧྲི་ཤིན་གྱིས“མེ་སྐྱོན་དེ་ཐོན་སའི་ས་བབ་རྙོག་འཛིང་ཆེ་བ་དང་རླུང་ཕྱོགས་ངེས་མེད་ཡིན་པ་མ་ཟད། ད་དུང་འབར་མཆེད་ཀྱང་བྱེད་ཀྱི་ཡོད། ཉེན་ཁ་དེ་ལྟ་བུའི་འོག་ང་ཚོས་གཞོགས་གཉིས་ནས་མེ་གསོད་པའི་བྱ་ཐབས་སྤྱད་པ་ཡིན”ཞེས་ཕྱིར་དྲན་བྱེད་བཞིན་བཤད།
ལུའོ་ཧྲི་ཤིན་གྱིས“གཡུལ་སར”ནུས་ཤུགས་ཡོད་རྒུས་འབད་འཐབ་བྱེད་པ་མ་ཟད། ད་དུང་རང་ཉིད་ཀྱི་དགའ་ཕྱོགས་ཏེ་ཡིག་རིས་བརྒྱུད་རིག་གནས་རྒྱུད་སྤེལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་ནས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་རིག་གནས་འཛུགས་སྐྱོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ལུའོ་ཧྲི་ཤིན་གྱིས་ནགས་ཚལ་མེ་ཟོན་རུ་ཆེན་གྱི་ནག་པང་ཚགས་པར་རྩོམ་འབྲི་བྱེད་པ་བརྒྱུད་ཚོགས་པའི་འགན་འཁྲི་དང་རིན་ཐང་ལྟ་བ་བརྒྱུད་སྤྲོད་བྱས་ནས་སེམས་ཤུགས་འཕེལ་བར་བྱས་པ་དང་། གསར་གཏོད་ཀྱི་གཞི་རྒྱུ་སྤྱད་དེ་ལས་ཁུངས་ནང་གི་དོང་ཁེབས་གཅོད་ཐོག་མཛེས་རིས་བྲིས་པས་ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད། བཀོད་འཐབ་པ་ཚོའི་གཏོགས་སེམས་ཀྱང་ཆེ་རུ་ཕྱིན་ཡོད། སྒྱུ་རྩལ་གྱི་མཚོན་ཚུལ་དེ་རིགས་ལས་དཔུང་ཁག་གི་རིག་གནས་ཀྱི་གསོན་ཤུགས་དང་མཉམ་འདྲེས་ནུས་པ་སྔར་བས་ཆེ་རུ་ཕྱིན་ཏེ། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བདེ་འཇགས་འདུ་ཤེས་བརྒྱུད་བསྒྲགས་བྱས་པར་མཐར་རིག་གནས་རུ་ཁག་འཛུགས་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད།
ལུའོ་ཧྲི་ཤིན་གྱི་ངོས་ནས་བརྗོད་ན་ཉར་རྫས་ནི་དངོས་རྫས་ཙམ་ཞིག་མ་ཡིན་པར་དེ་དག་ལ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཁྲག་དྲོན་དང་དད་སེམས་འདུས་ཡོད། ཉར་རྫས་དེ་དག་ནི་ལོ་རྒྱུས་ཀྱི་དཔང་པོ་ཞིག་རེད། འདི་ལོའི་ཟླ་དང་པོར་ཁོང་གིས་བོད་ལྗོངས་གསར་བརྗེའི་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་དུ་གསར་བརྗེའི་རིག་དངོས་འཚོལ་བསྡུ་བྱེད་བཞིན་ཡོད་པ་ཤེས་འཕྲལ་རང་ཉིད་ཀྱིས་ཉར་ཚགས་བྱས་པའི་ཉར་རྫས་37རིན་མེད་ངང་དྲན་གསོ་ཁང་ལ་ཞལ་འདེབས་འབུལ་རྒྱུའི་བློ་ཐག་བཅད། ལུའོ་ཧྲི་ཤིན་གྱིས“བརྩམས་ཆོས་དེ་དག་་དྲན་གསོ་ཁང་གི་སྟེགས་བུར་བཞག་པ་ལས་སྤྱི་དམངས་ལ་ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོབ། འཛུགས་སྐྲུན་བཅས་བྱ་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་བསྟན་ནས། ཚང་མས་ཁོང་ཚོའི་བྱས་རྗེས་རླབས་ཆེན་དང་བླ་ན་མེད་པའི་སྙིང་སྟོབས་ཤེས་རྟོགས་གཏིང་ཟབ་ཐུབ་པར་རོགས་རམ་བྱས་ཡོད། དེ་དང་ཆབས་ཅིག་ཉར་རྫས་དེ་དག་དྲན་གསོ་ཁང་དུ་ཉར་ཚགས་ཐུབ་པ་ནི་གཏོགས་ཁོངས་ཡག་ཤོས་ཡིན་པས་བོད་ཀྱི་གསར་བརྗེའི་ལོ་རྒྱུས་ཞིབ་འཇུག་ལས་དོན་ཆེད་ནུས་པ་འདོན་ཐུབ་པའི་རེ་བ་ཡོད”ཅེས་བཤད།
①ལུའོ་ཧྲི་ཤིན་རང་སྐྱོང་ལྗོངས་ཀྱིས་གཉེར་བའི་ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་མི་སྒེར(མཉམ་སྡེབ)གྱི་སྒྲོག་འགྲེལ་བྱེད་སྒོ་བརྒྱའི་ནང་ཞུགས་པ།
②ལུའོ་ཧྲི་ཤིན་ལོ་གསར་ཆ་ཡིག་འབྲི་བའི་བྱེད་སྒོར་ཞུགས་པ།
③ལུའོ་ཧྲི་ཤིན་མེ་སྐྱོན་ཐོན་སར་ཡོད་པ།
④ལུའོ་ཧྲི་ཤིན་གྱིས་ལྕང་འཛུགས་དུས་ཆེན་སྐབས་པར་རྒྱག་བཞིན་པ།
⑤ལུའོ་ཧྲི་ཤིན་གྱིས་མང་ཚོགས་ལ་མེ་ཟོན་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།
⑥ལུའོ་ཧྲི་ཤིན་རིམས་འགོག་གི་འཐབ་ས་དང་པོར་ཡོད་པ།
⑦ལུའོ་ཧྲི་ཤིན་གྱིས་ཡིག་གཟུགས་འབྲི་བཞིན་པ།