འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་6ཚེས་21ཉིན་ནི་2024ལོར《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱེད་ཐེངས་100ཟིན་པའི་ཉིན་མོ་ཡིན་པ་རེད།
ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》2013ལོའི་ཟླ་8པར་འཁྲབ་སྟོན་བྱེད་འགོ་ཚུགས་པ་ནས་ད་བར་རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་2000ལྷག་ཙམ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ལྟད་མོ་བ་རིམ་རྩིས་བྱས་ན་མི་ཐེངས་ཁྲི་3000ལྷག་ཙམ་ཟིན་ཞིང་། ལོ་ངོ་སྟོང་ཕྲག་རིང་ལ་སྙན་གྲགས་ཀྱི་བ་དན་གང་སར་གཡོ་བའི་རྒྱ་བོད་གཉིས་ཀྱི་ཞི་མཐུན་དང་མི་སེམས་འགུལ་བའི་ངོ་མཚར་ཐུན་མོང་ཐོག་མྱོང་རོལ་ཐུབ་ཡོད།
《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་འདི་ལོར་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ་འཁྲབ་སྟོན་མ་བྱས་གོང་ཁྲོམ་གཞུང་དུ་རྒྱུན་རྣམ་གྱི་གླིང་ཁ་སྐོར་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་ཡོད། ཀོང་ཇོ་དང་བཙན་པོས་དམག་དཔོན་དང་ཕོ་བྲང་གི་ཞལ་ཏ་མའི་དཔུང་ཁག་གི་སྣེ་ཁྲིད་དེ། བོད་ཀྱི་ཟློས་གར་དང་འབྲོག་པའི་གླུ་གར་འཁྲབ་ནས་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་དང་ས་གནས་དེ་གའི་གྲོང་མི་དང་མཉམ་དུ་རོལ་རྩེད་དང་གླུ་ལེན་གར་འཁྲབ་བྱེད་པའི་ཐོག་ནས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་མི་དམངས་ཀྱིས་ཐད་ཀར་མྱོང་རོལ་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག 《འུན་ཤིང་ཀོང་ཇོ》ལོ་འཁོར་འདིར་འཁྲབ་ཐེངས་100ཟིན་པར་རྟེན་འབྲེལ་ཞུ་ཆེད། འུན་ཤིང་ཀོང་ཇོའི་ཟློས་གར་ཁང་གིས་ད་དུང་འཁྲབ་སྟོན་པ་300ལྷག་ཙམ་གྱིས་གཟབ་མཆོར་སྤྲས་ཏེ་གླིང་ཁར་སྐྱོད་པའི་བྱེད་སྒོ་བསྣན་ཏེ་ཡུལ་སྐོར་བ་དང་མཉམ་དུ་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཡོད།
ཉེ་བའི་ལོ་ཤས་རིང་། ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་། གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》 ཚེ་མཆོག་གླིང་བོད་ཁྱིམ་དམངས་སྲོལ་ཁྲོམ་གཞུང་། འུན་ཤིང་ཀོང་ཇོའི་རིག་གནས་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་གླིང་བཅས་ཀྱི་ཐུན་མོང་གི་སྐུལ་འདེད་འོག ཚེ་མཆོག་གླིང་དུ“ཟློས་གར་གཉིས་དང་། ཁྲོམ་གཞུང་གཅིག གླིང་གཅིག”བཅས་ཀྱི་ཕྱོགས་བཞི་གཞི་གཅིག་ཅན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གཅིག་སྡུད་ཐོག་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ཏེ། མཐའ་འཁོར་ཁུལ་ཁོངས་ཀྱི་མ་འཇོག་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བའི་ཐོན་ལས་གཞི་ཁྱོན་ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་ནས། ལྷ་སའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་ས་དང་དེང་རབས་ཅན་གྱི་གྲོང་ཁྱེར་གཅིག་ཏུ་བསྡུས་པའི་ཁུལ་གསར་ཞིག་ཏུ་གྱུར་ཡོད། (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)