ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་ཞིང་། དེ་ནི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་དམ་ཟབ་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སེམས་ནུས་ཡོད་རྒུས་གནད་སྨིན་ཇུས་བསྟར་གྱིས་ཐབས་ཇུས་རབ་དང་རིམ་པ་བཏོན་ནས། དེ་བས་འཐུས་སྒོ་ཚང་བ་དང་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ། རིགས་ཁག་གི་མི་ཚོགས་དེ་བས་སྤུས་ཚད་ལེགས་པ་དང་དེ་བས་མགྱོགས་པའི་ངང་ལས་ཞུགས་ཐུབ་པར་འགན་ལེན་བྱས་ཡོད།
སྤྱི་པའི་ལས་ཞུགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་དཔེ་སྟོན་མ་ལག་བཏོད་པ།
འདི་ལོའི་ཟླ་5པར། མི་སྤྱི་པུས་2024ལོའི་སྤྱི་པའི་ལས་ཞུགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་དཔེ་སྟོན་རྣམ་གྲངས་ལག་ལེན་བསྟར་བའི་གྲོང་ཁྱེར་གྱི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཡོངས་ཀྱི་རེ་ཞུའི་གྲོང་ཁྱེར་ཁག་32ཁྲོད་ནས་གཟེངས་སུ་ཐོན་ཏེ་བདམས་ཐོན་བྱུང་བའི་གྲོང་ཁྱེར་ཁག་20ཡི་གྲས་སུ་ཚུད་ཡོད།
གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། འདི་ལོ་རང་ལྗོངས་ཀྱིས་ལས་མི་བསྡུ་བའི་ཚོགས་འདུ་ཐེངས་436ཡན་འཚོག་རྒྱུ་དང་། དམངས་ཕན་ཁེ་ལས་ལ་རོགས་རམ་བྱེད་པའི་བྱ་ཐབས་རབ་དང་རིམ་པ་བརྒྱུད། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྔར་བས་སྐུལ་འདེད་བཏང་ནས་ཁེ་ལས་དང་ལས་ཀ་འཚོལ་མཁན་གཉིས་ཀའི་རེ་བ་བསྐངས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་འཚོའི་རྒྱུགས་ལན་ཡག་པོ་ཞིག་ཕུལ་དང་འབུལ་བཞིན་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་འདི་ཉིད་2024ལོའི་སྤྱི་པའི་ལས་ཞུགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་དཔེ་སྟོན་རྣམ་གྲངས་ལག་ལེན་བསྟར་མཁན་གྲོང་ཁྱེར་གྱི་མིང་ཐོའི་ནང་ཚུད་པ་དེས། ལྷ་སས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ལྷ་ས་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་བྱེད་པའི་རྒྱང་ལམ་གསར་པར་བསྐྱོད་འགོ་ཚུགས་ནས། རྩེར་སོན་དང་ནུས་ཆེའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་གང་མགྱོགས་འཛུགས་པར་སྐུལ་མ་ཐེབས་ཏེ་ལྷ་སའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་རྒྱུ་རེད།
གཟིགས་སྐྱོང་སྲིད་ཇུས་བཏོན་ནས་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་དང་ལས་གཏོད་བྱ་རྒྱུར་ལྕག་སྐུལ་བྱས་པ།
རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པར་ལྕག་སྐུལ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ཆ་རྐྱེན་དང་མཐུན་པའི་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་སློབ་ཐོན་སློབ་མར་ལམ་བར་གྱི་བདལ་གླ་དང་། འཚོ་བ། ཁྱིམ་འཛུགས། གཉེན་འཕྲད་བཅས་ཀྱི་འགྲོ་གྲོན་ཁ་གསབ་སྤྲོད་བཞིན་ཡོད། ལྕག་སྐུལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ཞིག་ལྗོངས་ཕྱིར་ལས་ཞུགས་ཐུབ་ཡོད།
མཐོ་སློབ་སློབ་ཐོན་སློབ་མས་རང་བརྟེན་ལས་གཏོད་བྱ་རྒྱུར་ལྕག་སྐུལ་རྒྱག་ཆེད། ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གིས་བྱ་གཞག་གསར་གཏོད་ཀྱི་གཞི་རྟེན་ཐད་མ་འཇོག་གསར་སྤེལ་བྱས་ནས་ས་ཆ་30%ཡས་མས་བཀོད་སྒྲིག་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པར་རིན་མེད་དུ་མཁོ་འདོན་བྱས་ཡོད། མ་ཟད་སློབ་གྲྭ་ཐོན་རྗེས་ཀྱི་ལོ་5ཡི་རིང་ལྗོངས་ཕྱིར་ལས་གཏོད་བྱེད་མཁན་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མས་གཏན་འབེབས་ལྟར་ལས་གཏོད་ཀྱི་ཐོག་མའི་མ་རྩའི་རོགས་སྐྱོར་དང་། ས་ཆའི་བོགས་གླ། ཆུ་རིན་དང་གློག་རིན་བཅས་ཀྱི་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གི་ཡོད།
ད་ཆ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་གཅིག་རྗེས་གཉིས་མཐུད་ཀྱིས་ལས་གཏོད་ཀྱི་རླབས་རྒྱུན་ཁྲོད་ཞུགས་ནས། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་གྲས་སུ་གྱུར་ཡོད། འདི་ལོ་ལོ་27ལ་སླེབས་པའི་བཀྲ་ཕུན་གྱིས་སློབ་གྲྭ་ཐོན་རྗེས་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་མ་དངུལ་རེ་ཞུ་བྱས་ནས་ལྷ་སར་ཀོག་ཧྥེ་ཁང་ཞིག་བཙུགས་ཡོད། ཁོང་གིས། “སྔོན་ཆད་སློབ་གྲྭར་སྡོད་སྐབས་གཞུང་ཞབས་པའི་ཡིག་ཚད་ཁོ་ན་གཏོང་འདོད་ཡོད། འོན་ཀྱང་། རང་ལྗོངས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་ཀྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ཤེས་རྟོགས་བྱུང་རྗེས། ངའི་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་སོང་། སློབ་གྲྭ་ཐོན་རྗེས། ངས་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རོགས་དངུལ་རེ་ཞུ་བྱས་ཏེ་ཀོག་ཧྥེ་ཁང་ཞིག་བཙུགས་པ་ཡིན། ད་ཆ་ཚོང་ཡང་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་འདུག་ལ། ཕ་མས་ཀྱང་ངའི་བྱ་གཞག་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག”ཅེས་བརྗོད།
ཉིན་གླའི་ཁྲོམ་ར་བཙུགས་ནས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཏང་བ།
ཞོགས་པའི་ཆུ་ཚོད་7པར། བསོད་ནམས་བཀྲ་ཤིས་ཀྱིས་ལྟོ་ཕད་འཁྱེར་ནས་ལྷ་ཀླུ་ཟམ་པའི་ཉིན་གླ་ས་ཚིགས་སུ་ཉིན་དེའི་ལས་ཀ་འཚོལ་བར་བསྐྱོད། བསོད་ནམས་བཀྲ་ཤིས་འདི་ལོ་ལོ་37ལ་སླེབས་པ་དང་ལྷ་སར་ཉིན་གླ་རྒྱུགས་ནས་ལོ་6ཕྱིན་ཡོད། ལོ་འདི་དག་རིང་། ཁོང་གིས་ལྷ་སའི་བརྒྱད་གཅིག་ལམ་དང་ལྷ་ཀླུ་ཟམ་པ་སོགས་སུ་ལས་ཀ་འཚོལ་བར་བསྐྱོད་ཅིང་། ལས་ཀ་མང་བའི་སྐབས་སུ་ཉིན་གླ་སྒོར་300ནས་400བར་རག་གི་ཡོད། ཁོང་གིས། “ན་ནིང་ནས་བཟུང་། ཉིན་གླ་རྒྱུག་མཁན་ཇེ་མང་དུ་ཕྱིན་པས་ལས་ཀ་འཚོལ་ཁག་པོ་འདུག སྟབས་ལེགས་པ་ཞིག་ལ་ད་ཆ་ལྷ་ཀླུ་ཟམ་པའི་ཉིན་གླ་ས་ཚིགས་བཙུགས་ཡོད་པས། ཐད་ཀར་དེ་གར་ལས་ཀ་འཚོལ་བར་འགྲོ་ཆོག་གི་ཡོད། འདི་གའི་ལས་དོན་པས་ང་ཚོར་ལས་ཀ་སྣ་ཚོགས་ངོ་སྤྲོད་བྱེད་པ་དང་འབྲེལ་མཐུད་བྱེད་རོགས་བྱེད་ཀྱི་ཡོད་པས་ཧ་ཅང་ཡག་པོ་འདུག”ཅེས་བརྗོད།
ཞབས་ཞུ་དེ་བས་ཞིབ་ཚགས་སུ་དང་ལྷ་ས་གྲོང་ཁྱེར་གྱི་ཉིན་གླའི་ཐོན་ཁུངས་བསྡུ་སྒྲིལ་བྱ་ཆེད། 2023ལོའི་ཟླ་8པར་དར་དམར་ནུབ་ལམ་དང་ལྕང་གྲོང་ལམ་གྱི་ལམ་མདོ་ཁར་ལྷ་སའི་ཉིན་གླའི་ཁྲོམ་ར་དངོས་སུ་བཙུགས་པ་དང་། ད་ལོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་སླར་ཡང་ལྷ་ཀླུ་ཟམ་པའི་བྱང་ངོས་ཀྱི་སྨི་20ཡི་ཤར་ངོས་སུ་ཁྲེང་ཀོན་ཆུས་ཀྱི་ཉིན་གླའི་ས་ཚིགས་བཙུགས་པ་རེད། ཉིན་གླའི་ཁྲོམ་ར་དང་ཉིན་གླའི་ས་ཚིགས་ཀྱིས“སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཞུགས་པ། ཁྲོམ་ར་ཅན་གྱི་འཁོར་སྐྱོད”བཅས་ཀྱི་འཁོར་སྐྱོད་བྱེད་སྟངས་སྤྱད་པ་དང་དུས་མཚུངས། “བོད་ཀྱི་གྲངས་འཛིན་ཉིན་གླའི་ཁྲོམ་རའི”བྱ་རིམ་ཆུང་གྲས་ཀྱི་དྲ་ཐོག་གི་ལས་སྒྲུབ་ལས་སྟེགས་ལ་བརྟེན་ནས། སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་མི་སྤྱོད་མཁན་བྱེད་པོར་དམིགས་སའི་རང་བཞིན་ལྡན་པའི་སྤྱི་པའི་ལས་ཞུགས་ཞབས་ཞུ་རིན་མེད་དུ་སྒྲུབ་བཞིན་ཡོད་པར། དེར་དྲ་ཐོག་དང་ས་ཡུལ་དངོས་སུ་ལས་མི་བསྡུ་བའི་གྲོས་མོལ་དང་། ལས་ཀ་འཚོལ་མཁན་ཐོ་འགོད་དང་ལས་ཀ་འོས་སྦྱོར། ལས་རིགས་མཛུབ་ཁྲིད་དང་བློ་འདྲི་སོགས་ཚུད་ཡོད་པ་རེད།
(བདེ་དབང་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)