02

རང་ལྗོངས་ཀྱིས་གྲངས་འཛིན་ལ་བརྟེན་ནས་ལས་རིགས་བརྒྱ་སྟོང་སྐྱེད་སྲིང་བྱེད་པའི་ལོ་གསུམ་བྱ་སྤྱོད་འཆར་གཞི་སྤེལ་འགོ་ཚུགས་པ། 2024年06月04日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་ལྗོངས་ཀྱིས་གྲངས་འཛིན་ལ་བརྟེན་ནས་ལས་རིགས་བརྒྱ་སྟོང་སྐྱེད་སྲིང་བྱེད་པའི་ལོ་གསུམ་བྱ་སྤྱོད་འཆར་གཞི་དངོས་སུ་སྤེལ་འགོ་བཙུགས་ནས་ལས་རིགས་བགྲོ་གླེང་དང་། ལས་རིགས་སྤེལ་རེས། ལས་རིགས་བྱེད་སྒོ། ལས་རིགས་ཁྱབ་གདལ། ཤེས་ལྡན་པ་གསོ་སྐྱོང་། ཚད་གཞི་བཟོ་བ་སོགས་བྱེད་ཐབས་བརྒྱུད་ཡུལ་དེ་གའི་ལས་རིགས་ཤེས་ལྡན་པའི་དཔུང་ཁག་ཁག་གཅིག་གསོ་སྐྱོང་བྱས་ནས་ཞིབ་འཇུག་གི་གྲུབ་འབྲས་ཁག་གཅིག་ཆགས་པར་བྱས་ཏེ་རང་ལྗོངས་ཀྱི་གྲངས་འཛིན་ལག་རྩལ་བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

གྲངས་འཛིན་ལ་བརྟེན་ནས་ལས་རིགས་བརྒྱ་སྟོང་སྐྱེད་སྲིང་བྱེད་པའི་ལོ་གསུམ་བྱ་སྤྱོད་འཆར་གཞི་ལས་ལས་རིགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ནས་ལས་རིགས་ཀྱི་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་། རང་ལྗོངས་ཀྱི་ལས་རིགས་ཁག་གི་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ཤེས་རྟོགས་བྱེད་པ། གྲངས་འཛིན་ཅན་བཀོལ་སྤྱོད་ཀྱི་དགོས་མཁོ་སྔོག་འདོན་བྱེད་པ། རང་ལྗོངས་ཀྱི་མཐོ་གསར་གྲངས་འཛིན་ཐོན་ལས་དེ་སྲོལ་རྒྱུན་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། རང་ལྗོངས་ཀྱི་ཐོན་ལས་ལ་སྤུས་འབྲས་ལེགས་གཉེར་དང་མ་གནས་དམའ་རུ་འགྲོ་བར་རམ་འདེགས་བྱེད་པ། “དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་བྱེད་པ་དང་མཁོ་སྤྲོད་ཀྱིས་དགོས་མཁོ་བསྐྲུན་པའི”ཆུ་ཚད་མཐོ་བའི་འཕེལ་རྒྱས་གཏོང་སྟངས་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།