《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年11月20日

འཕྱོངས་རྒྱས་རྫོང་གིས“སྤྱོད་གཙང་ཁྱིམ་སྲོལ་སྐྱེད་སྲིང་བྱས་ཏེ་སྤྱོད་གཙང་ཁྱིམ་ཚང་མཉམ་དུ་སྐྲུན་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་འཕྱོངས་རྒྱས་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ཚུན་དུ་འཕྱོངས་རྒྱས་རྫོང་གིས“ཞིབ་ཚགས་ལྔའི”ཞབས་ཞུའི་འདུ་ཤེས་ལ་དམ་པོར་དམིགས་ནས“སྤྱོད་གཙང་ཁྱིམ་སྲོལ་སྐྱེད་སྲིང་བྱས་ཏེ་སྤྱོད་གཙང་ཁྱིམ་ཚང་མཉམ་དུ་བསྐྲུན་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་བརྩེ་བ་ཟབ་མོས་ཁྱིམ་ཚང་སྤྱོད་གཙང་ཡོང་བར་རམ་འདེགས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་ཁྱིམ་ཚང་གི་རུལ་རྒོལ་འགྱུར་འགོག་གི་སྲུང་བཅད་བརྟན་དུ་བཏང་ཡོད།

འཕྱོངས་རྒྱས་རྫོང་གིས་རྩ་འཛུགས་དང་ལས་བྱེད་པའི་ནང་མིའི་དབར་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་བྱེད་པའི་ཐབས་ལམ་བཏོད་དེ་གསར་དུ་ལས་འགན་འཁུར་བའི་ལས་བྱེད་པ་དང་དེ་བཞིན་ནང་མིར་སྤྱོད་གཙང་ལ་རམ་འདེགས་བྱེད་པའི་གྲོས་འགོའི་ཡི་གེ་སྤྲད་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་ཁྱིམ་ཚང་གི་སྤྱོད་གཙང་ཁས་ལེན་ཡི་གེ་འབྲི་རུ་བཅུག་སྟེ་ནང་མིར་སྤྱོད་གཙང་གི་དྲིལ་བསྒྲགས་པ་དང་ལྟ་སྐུལ་པ་ཡག་པོ་ཞིག་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་སྤྱོད་གཙང་ཁྱིམ་ཡིག་བསྡུ་རུབ་བྱེད་པ་དང་། ཁྱིམ་སྲོལ་ཉེན་གཏོང་ཁུལ་བཙུགས་པ། ནང་མིའི་སྲིད་གཙང་ལྟ་སྐུལ་པ་གདན་ཞུ་བཅས་བྱས་ཏེ་རྩ་འཛུགས་ཀྱི་ལྟ་སྐུལ་དང་ཁྱིམ་ཚང་གི་ལྟ་སྐུལ་ཟུང་འབྲེལ་གྱི་ཕྱོགས་གཉིས་ཀྱི་ལྟ་སྐུལ་བྱེད་སྟངས་བཏོད་ནས་ལས་བྱེད་པའི“ཆུ་ཚོད་བརྒྱད་ཕུད་པའི”ལྟ་སྐུལ་གྱི་ཞན་ཆ་བསལ་ཡོད་པ་རེད།

ས་གནས་དེས་ད་དུང་ཁྱིམ་སྲོལ་གྱི་ཆེད་དོན་སྒྲོག་འགྲེལ་བྱས་ཏེ་ལས་བྱེད་པ་དང་དེ་བཞིན་ནང་མིར་ཉེན་ཟོན་སློབ་གསོའི་པར་གཞི་ལྟ་རུ་བཅུག་སྟེ་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་དྲངས་ནས་ཁྱིམ་སྲོལ་བཟང་ངན་གསལ་བཤད་བྱས་ཡོད། དེ་དང་ཆབས་ཅིག་སྤྱོད་གཙང་ལ་རོགས་སྐྱོར་བྱེད་པའི་ལག་རྟགས་ཆ་ཚང་ཞིག་སྤྲད་དེ་ཁྱིམ་སྲོལ་འཛུགས་སྐྱོང་གི་རྣམ་བཤད་གནད་བསྡུས་དང་སྒྲིག་ཁྲིམས་སྲོལ་ཡིག་སོགས་སློབ་སྦྱོང་གི་དཔྱད་གཞི་ཁྱིམ་དུ་བསྐྱལ་ནས་སྤྱོད་གཙང་གི་བླང་བྱ་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་བ་རེད།