《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年11月20日

བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག

(1990ལོའི་ཟླ་5ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 1996ལོའི་ཟླ་7ཚེས་21ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུའི་ཆོད་དོན་གཞིར་བཟུང་དག་བཅོས་ཐེངས་དང་པོ་བྱས། 2007ལོའི་ཟླ་7ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག་བསྐྱར་བཅོས་བྱས། 2011ལོའི་ཟླ་11ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ལས་གྲྭའི་དོ་དམ་སྲོལ་ཡིག》སོགས་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་རྒྱག་རྒྱུའི་ཆོད་དོན་གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས། 2021ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་རྒྱག་རྒྱུའི་ཆོད་དོན་གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས། 2026ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་བསྐྱར་བཅོས་བྱས)

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

〔2026〕ཡིག་ཨང་7པ།

《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག》འདི་2026ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་བསྐྱར་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན། ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2026ལོའི་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

2026ལོའི་ཟླ་5ཚེས་27ཉིན།

དཀར་ཆག

ལེའུ་དང་པོ།   སྤྱིའི་རྩ་དོན།

ལེའུ་གཉིས་པ།  སྤོ་མི་རུང་བའི་རིག་དངོས།

ལེའུ་གསུམ་པ།  གནའ་རྫས་སྔོག་འཚོལ།

ལེའུ་བཞི་པ།   རྟེན་མཛོད་ཁང་དུ་ཉར་ཚགས་ཀྱི་རིག་དངོས་དང་དམངས་ཁྲོད་ཀྱི་བསྡུ་ཉར་རིག་དངོས།

ལེའུ་ལྔ་པ།    ཞིབ་འཇུག་དང་བེད་སྤྱོད།

ལེའུ་དྲུག་པ།   ལྟ་སྐུལ་དོ་དམ།

ལེའུ་བདུན་པ།  བཅའ་ཁྲིམས་ཀྱི་འགན་འཁྲི།

ལེའུ་བརྒྱད་པ།  ཞར་བྱུང་།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། རིག་དངོས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་ལོ་རྒྱུས་དང་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པ། ཚན་རིག་ཞིབ་འཇུག་གི་ལས་དོན་ལ་སྐུལ་སྤེལ་གཏོང་བ། རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་དར་སྤེལ་གཏོང་བ་བཅས་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་ལག་བསྟར་སྲོལ་ཡིག》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་རིག་དངོས་སྲུང་སྐྱོབ་དང་དེར་ལྟ་སྐུལ་དོ་དམ་སོགས་ཀྱི་བྱེད་སྒོ་སྤེལ་བར་སྲོལ་ཡིག་འདི་སྤྱད་ན་འཐུས།

དོན་ཚན་གསུམ་པ། རིག་དངོས་ལས་དོན་སྤེལ་བར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་བརྟན་དུ་གཏོང་རྒྱུ་དང་ཀྲུང་ཧྭའི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།

རིག་དངོས་ལས་དོན་སྤེལ་སྐབས་སྲུང་སྐྱོབ་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་དགོས།

དོན་ཚན་བཞི་པ། ལས་ཁུངས་དང་། རྩ་འཛུགས། མི་སྒེར་བཅས་ཚང་མར་ཁྲིམས་བཞིན་རིག་དངོས་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད།

དོན་ཚན་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རིག་དངོས་སྲུང་སྐྱོབ་ལས་ཀའི་འགན་འཁུར་རྒྱུ་དང་། རིག་དངོས་སྲུང་སྐྱོབ་བྱ་གཞག་དེ་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ནང་བཅུག་ནས་རིག་དངོས་སྲུང་སྐྱོབ་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རིག་དངོས་སྲུང་སྐྱོབ་ཀྱི་གལ་ཆེའི་གནད་དོན་ཞིབ་འཇུག་ཐག་གཅོད་བྱེད་དགོས།

ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་འགན་འཁྲི་གཞིར་བཟུང་རིག་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་རིག་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།

དོན་ཚན་དྲུག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་དགོས།

རིག་གནས་དང་ཡུལ་སྐོར། ཆོས་ལུགས་ལས་དོན། གོང་འཕེལ་བསྒྱུར་བཅོས། སློབ་གསོ། སྤྱི་བདེ། ནོར་སྲིད། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཞིང་ལས་དང་གྲོང་གསེབ། འཕྲལ་སྡོམ་དོ་དམ། ཁྲོམ་ར་ལྟ་སྡོམ། ནགས་ལས་རྩྭ་ཐང་། མེ་གསོད་རོགས་སྐྱོབ། འགག་སྒོ་སོགས་སྡེ་ཚན་གྱིས་རང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ལྟར་རིག་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་ཁྲིམས་བཞིན་ཡག་པོ་སྒྲུབ་དགོས།

ཆོས་ལུགས་ལས་དོན་སྡེ་ཚན་དང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་གྲོས་མོལ་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ་ཆོས་ལུགས་སློབ་གླིང་དང་། ཆོས་ལུགས་ཚོགས་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་རིག་དངོས་ལ་བརྟག་དཔྱད་དང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དོ་དམ་ལས་ཚན་གྱིས་ངེས་པར་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་རིག་དངོས་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་བྱ་གཞག་གོང་འཕེལ་བཏང་སྟེ། སྲུང་སྐྱོབ་ཨང་དང་པོ་དང་། དོ་དམ་ལ་ཤུགས་སྣོན། རིན་ཐང་སྔོག་འདོན། བེད་སྤྱོད་ནུས་ལྡན། རིག་དངོས་ཀྱི་གསོན་ཤུགས་འཕེལ་ཐུབ་པ་བཅས་བྱ་རྒྱུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས།

དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་གོང་འཕེལ། རིག་དངོས་སྲུང་སྐྱོབ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་རིག་དངོས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།

གཞི་རྩའི་འཛུགས་སྐྲུན་དང་། ཡུལ་སྐོར་གོང་འཕེལ། དམངས་སྲོལ་དུས་སྟོན་བཅས་དང་། ཆོས་ལུགས་བྱེད་སྒོ་སྤེལ་བ་སོགས་བྱེད་སྐབས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དེ་ཨང་དང་པོར་འཇོག་པ་དང་། རིག་དངོས་སྲུང་སྐྱོབ་དང་བདེ་འཇགས་དོ་དམ་གྱི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ནས་འཛུགས་སྐྲུན་རང་བཞིན་གྱི་གཏོར་བཤིག་གཏོང་བ་དང་ཚོང་ལས་ཅན་དུ་འགྱུར་ཆེ་རིགས་སྔོན་འགོག་བྱེད་དགོས།

དོན་ཚན་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་སྤྱད་དེ་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་བསྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། བསྒྱུར་བཅོས་སྒོ་དབྱེ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་སྐྱོང་བོད་བརྟན་སོགས་ཀྱི་འབྲེལ་ཡོད་རིག་དངོས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཚོར་རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་མ་ཟད། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་འཆང་ཤུགས་ཆེ་རུ་གཏོང་དགོས།

དོན་ཚན་བཅུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་བྱ་རྒྱུའི་གྲོན་དངུལ་དག་རིམ་པ་དེ་གའི་སྔོན་རྩིས་ནང་བཅུག་ནས་རིག་དངོས་སྲུང་སྐྱོབ་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཆུ་ཚད་དང་འཚམ་ཐུབ་པ་བྱེད་དགོས།

རྒྱལ་ཁབ་ལ་དབང་བའི་རྟེན་མཛོད་ཁང(བཤམས་སྟོན་ཁང)དང་། དྲན་གསོ་ཁང་། རིག་དངོས་ཚན་ཞིབ་ཚན་པ། རིག་དངོས་སྲུང་སྐྱོབ་ཚན་པ་སོགས་ཀྱི་བྱ་གཞག་རང་བཞིན་གྱི་ཡོང་འབབ་རྣམས་སྔོན་རྩིས་དོ་དམ་བྱེད་ཁོངས་སུ་བཅུག་སྟེ། རིག་དངོས་སྲུང་སྐྱོབ་བྱ་གཞག་ཐད་ལ་སྤྱོད་དགོས་པ་ལས། ཚན་པ་གང་རུང་ངམ་ཡང་ན་མི་སྒེར་སུ་ཞིག་གིས་ཀྱང་བཙན་བཟུང་དང་གཞན་སྤྱོད་བྱས་མི་ཆོག

དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རིག་དངོས་ལ་ཡོངས་བཤེར་དང་ཆེད་དོན་བརྟག་དཔྱད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིག་དངོས་ཀྱི་ཐོན་ཁུངས་དང་དེར་སྲུང་སྐྱོབ་བྱས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱེད་དགོས།

རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་དུས་བཀག་ལྟར་རིམ་མཚུངས་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གཞུང་ཁོངས་རིག་དངོས་ཐོན་ཁུངས་དང་རྒྱུ་ནོར་དོ་དམ་བྱས་ཚུལ་སྙན་སེང་ཞུ་དགོས།

དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཁྱབ་སྤེལ་གཏོང་སྟངས་གསར་གཏོད་བྱེད་པ། དམངས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་ལོ་རྒྱུས་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་དགོས།

རྟེན་མཛོད་ཁང(བཤམས་སྟོན་ཁང)དང་། དྲན་གསོ་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། རིག་དངོས་སྲུང་སྐྱོབ་ཚན་པ། གནའ་རྫས་རྗེས་ཤུལ་སྤྱི་གླིང་སོགས་འབྲེལ་ཡོད་ཚན་པས་ངེས་པར་དུ་ལྟ་སྐོར་སྤྲོ་གསེང་གི་ནང་དོན་དང་ཟུང་འབྲེལ་བྱས་ཏེ། དམིགས་ས་ཡོད་པའི་སྒོ་ནས་རིག་དངོས་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས།

གསར་འགྱུར་སྨྱན་སྦྱོར་ཚན་པས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་རིག་དངོས་སྲུང་སྐྱོབ་ཤེས་བྱ་དྲིལ་བསྒྲགས་སྤེལ་གཏོང་བྱེད་དགོས་པ་མ་ཟད། རིག་དངོས་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་རིག་དངོས་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཁྲིམས་ལྟར་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱེད་དགོས།

ལེའུ་གཉིས་པ། སྤོ་མི་རུང་བའི་རིག་དངོས།

དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྤོ་མི་རུང་བའི་རིག་དངོས་ལ་མ་ལག་རང་བཞིན་གྱི་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིག་དངོས་ཀྱི་གཞི་མ་སྲུང་སྐྱོབ་དང་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ། མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་ཟུང་འབྲེལ་དང་། ཁེར་གནས་སྲུང་སྐྱོབ་དང་ཚོ་འདུས་སྲུང་སྐྱོབ་ཟུང་འབྲེལ་བྱེད་པའི་རྩ་དོན་ལ་བརྩི་སྲུང་ཞུས་ནས་སྤོ་མི་རུང་བའི་རིག་དངོས་ཀྱི་ལོ་རྒྱུས་ཀྱི་དངོས་བདེན་རང་བཞིན་དང་། རྣམ་པ་ཆ་ཚང་རང་བཞིན། རིག་གནས་རྒྱུན་མཐུད་རང་བཞིན་བཅས་ལ་འགན་ལེན་བྱེད་དགོས།

དོན་ཚན་བཅུ་བཞི་པ། རིག་དངོས་ཡོངས་བཤེར་དང་། ཆེད་དོན་བརྟག་དཔྱད་དམ་ཡང་ན་འབྲེལ་ཡོད་ཀྱི་ལས་དོན་གཞན་དག་སྤེལ་བའི་ཁྲོད་ཤེས་རྟོགས་བྱུང་བའི་སྤོ་མི་རུང་བའི་རིག་དངོས་དག་ངེས་པར་དུ་དུས་ཐོག་ལ་རིག་དངོས་སྲུང་སྐྱོབ་ཚན་པར་ཞིབ་བཤེར་གཏན་འཁེལ་བྱས་ཏེ་ཡོངས་བསྒྲགས་བྱེད་དགོས་པའམ་ཡང་ན་རིམ་པ་གཏན་འཁེལ་བྱས་མེད་པའི་སྤོ་མི་རུང་བའི་རིག་དངོས་ལ་ཐོ་འགོད་བྱས་ཏེ་ཡོངས་བསྒྲགས་བྱེད་དགོས། སྤྱི་དམངས་དང་རྩ་འཛུགས་ཀྱིས་རིག་དངོས་སྲུང་སྐྱོབ་ཚན་པར་ཞིབ་བཤེར་གཏན་འཁེལ་བྱས་ཏེ་ཡོངས་བསྒྲགས་བྱེད་དགོས་པའམ་ཡང་ན་རིམ་པ་གཏན་འཁེལ་བྱས་མེད་པའི་སྤོ་མི་རུང་བའི་རིག་དངོས་ལ་ཐོ་འགོད་བྱས་ཏེ་ཡོངས་བསྒྲགས་བྱ་རྒྱུའི་གྲོས་འགོ་བཏོན་ཆོག

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་གལ་ཆེའི་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་སྤོ་མི་རུང་བའི་རིག་དངོས་བདམས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་དོན་བཞིན། རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ཁོངས་སུ་འཇུག་རྒྱུའི་སྙན་ཞུ་འབུལ་དགོས།

རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་གཏན་འཁེལ་བྱས་ནས་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་དཔོད་ཞུ་དགོས། ཆུད་བཙུགས་པའི་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་དེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་གཏན་འཁེལ་བྱས་ནས་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། རིམ་པ་བཞིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་དཔོད་ཞུ་དགོས།

རིམ་པ་གཏན་འཁེལ་བྱས་མེད་པའི་སྤོ་མི་རུང་བའི་རིག་དངོས་རྣམས་རྫོང་རིམ་པའི་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཐོ་འགོད་བྱེད་དགོས་པ་དང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱང་བྱེད་དགོས།

དོན་ཚན་བཅོ་ལྔ་པ། ཉར་ཚགས་བྱས་པའི་རིག་དངོས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད་ལོ་རྒྱུས་ཀྱི་རིན་ཐང་ངམ་གསར་བརྗེའི་དྲན་གསོའི་དོན་སྙིང་གལ་ཆེན་ལྡན་པའི་གྲོང་ཁྱེར་གྲོང་རྡལ་དང་། ཁྲོམ་གཞུང་། གྲོང་ཚོ་དག་ས་གནས་དེ་གའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རེ་ཞུ་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་དང་རིམ་པ་དེ་གའི་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནས་རིགས་པས་ཁུངས་སྐྱེལ་དང་ཞིབ་བཤེར་བསམ་འཆར་བཏོན་རྗེས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ལོ་རྒྱུས་རིག་གནས་ལྡན་པའི་ཁྲོམ་གཞུང་དང་གྲོང་རྡལ་དུ་ཞིབ་བཤེར་གཏན་འཁེལ་དང་ཡོངས་བསྒྲགས་བྱ་རྒྱུར་འབུལ་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་དཔོད་ཞུ་དགོས།

ཁྲིམས་ལྟར་ཞིབ་བཤེར་གཏན་འཁེལ་བྱས་ཏེ་ཡོངས་བསྒྲགས་བྱས་པའི་ལོ་རྒྱུས་རིག་གནས་ལྡན་པའི་གྲགས་ཅན་གྲོང་ཁྱེར་དང་། ཁྲོམ་གཞུང་། གྲོང་ཚོ་གྲོང་རྡལ་བཅས་གནས་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆེད་དམིགས་ཀྱི་སྲུང་སྐྱོབ་འཆར་འགོད་བཟོ་རྒྱུའི་སྒྲིག་འཛུགས་བྱེད་དགོས་པ་དང་སྲུང་སྐྱོབ་བྱ་ཐབས་བཟོ་དགོས་པ་མ་ཟད་འབྲེལ་ཡོད་འཆར་འགོད་ནང་འཇུག་དགོས།

དོན་ཚན་བཅུ་དྲུག་པ། རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པས་ཞིབ་བཤེར་གཏན་འཁེལ་བྱས་ཏེ་ཡོངས་བསྒྲགས་བྱས་ཉིན་ནས་བཟུང་གི་ལོ་གཅིག་ནང་ཚུན་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་རྫོང(ཆུད། གྲོང་ཁྱེར)མི་དམངས་སྲིད་གཞུང(སྲིད་ཧྲུའུ)གིས་ཁག་སོ་སོར་སྲུང་སྐྱོབ་བྱེད་དགོས་ངེས་ཀྱི་ཁྱབ་ཁོངས་བཟོས་ནས་ཡོངས་བསྒྲགས་བྱེད་པ་དང་། མཚོན་རྟགས་ཐོག་ནས་གསལ་བཤད་བྱེད་པ། ཟིན་འགོད་ཡིག་ཚགས་བཟོ་བ་བཅས་བྱེད་དགོས་པ་མ་ཟད། གནས་ཚུལ་མི་འདྲ་བར་གཞིགས་ནས་ཆེད་དོན་ལས་ཚན་འཛུགས་པའམ་ཡང་ན་ཆེད་བསྐོས་མི་སྣ་དམིགས་འཛུགས་ཀྱིས་དོ་དམ་བྱེད་འགན་འཁུར་དུ་འཇུག་དགོས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་ཁྱབ་ཁོངས་དང་ཟིན་འགོད་ཡིག་ཚགས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

རིམ་པ་གཏན་འཁེལ་བྱས་མེད་པའི་སྤོ་མི་རུང་བའི་རིག་དངོས་རྣམས། རྫོང་རིམ་པའི་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་མཚོན་རྟགས་ཐོག་ནས་གསལ་བཤད་བྱེད་པ་དང་། ཟིན་འགོད་ཡིག་ཚགས་བཟོ་བ། དོ་དམ་བྱེད་འགན་འཁུར་མཁན་གསལ་པོ་བཟོ་བ་བཅས་བྱེད་དགོས།

རྫོང་རིམ་ཡན་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ཀྱི་དགོས་མཁོར་གཞིགས་ཏེ། རིག་དངོས་སྲུང་སྐྱོབ་ཚན་པ་དང་རིམ་པ་གཏན་འཁེལ་བྱས་མེད་པའི་སྤོ་མི་རུང་བའི་རིག་དངོས་ཀྱི་ཞིབ་ཕྲའི་སྲུང་སྐྱོབ་བྱ་ཐབས་བཟོས་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་མ་ཟད། སྤྱི་བསྒྲགས་སྤེལ་ནས་ལག་བསྟར་བྱེད་དགོས།

རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་དང་བླངས་པ་སོགས་སྤོ་མི་རུང་བའི་རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་བ་དང་མཛུབ་ཁྲིད་བྱེད་དགོས།

དོན་ཚན་བཅུ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་འཆར་འགོད་བཟོ་སྐབས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་བྱ་རྒྱུའི་དགོས་མཁོར་གཞིགས་ནས་འབྲེལ་ཡོད་སྡེ་ཚན་གྱིས་སྔོན་ལ་རིག་དངོས་སྲིད་འཛིན་སྡེ་ཚན་དང་མཉམ་དུ་སྲིད་འཛིན་ས་ཁོངས་དེ་གའི་སྤོ་མི་རུང་བའི་རིག་དངོས་སྲུང་སྐྱོབ་བྱ་ཐབས་བཟོ་དགོས་པ་མ་ཟད། འཆར་འགོད་ནང་འཇུག་དགོས།

རྫོང་རིམ་ཡན་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིག་དངོས་སྲུང་སྐྱོབ་བྱ་རྒྱུའི་དགོས་མཁོར་གཞིགས་ནས་སྲིད་འཛིན་ས་ཁོངས་དེ་གའི་ནང་སྤོ་མི་རུང་བའི་རིག་དངོས་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་སྒྲིག་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས། རང་སྐྱོང་ལྗོངས་རིམ་པ་དང་། ཆུད་བཙུགས་པའི་གྲོང་ཁྱེར་རིམ་པ། རྫོང་རིམ་པ་བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་འཆར་འགོད་བཟོ་བར་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པ་མ་ཟད་ཡོངས་བསྒྲགས་བྱས་ནས་ལག་བསྟར་བྱེད་དགོས། སྤོ་མི་རུང་བའི་རིག་དངོས་སྲུང་སྐྱོབ་ཀྱི་འཆར་འགོད་དེ་ངེས་པར་དུ་རྒྱལ་ཁོངས་བར་སྟོང་གི་འཆར་འགོད་ནང་འཇུག་དགོས།

རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་འཆར་འགོད་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་ཡོངས་བསྒྲགས་བྱས་ནས་ལག་བསྟར་བྱེད་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

དོན་ཚན་བཅོ་བརྒྱད་པ། རིག་དངོས་སྲུང་སྐྱོབ་ཀྱི་དོན་དངོས་དགོས་མཁོར་གཞིགས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་རིག་དངོས་སྲུང་སྐྱོབ་ཚན་པའི་མཐའ་འཁོར་དུ་འཛུགས་སྐྲུན་ཚོད་འཛིན་ཁུལ་ཁོངས་ངེས་ཅན་ཞིག་བཟོ་དགོས་པ་མ་ཟད་ཡོངས་བསྒྲགས་བྱེད་དགོས།

རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་ཚོད་འཛིན་ཁུལ་ཁོངས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དབྱེ་མཚམས་གཏན་འཁེལ་བྱེད་དགོས།

རང་སྐྱོང་ལྗོངས་རིམ་པ་དང་། ཆུད་བཙུགས་པའི་གྲོང་ཁྱེར་རིམ་པ། རྫོང་རིམ་པ་བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་ཚོད་འཛིན་ཁུལ་ཁོངས་དེ་རིག་དངོས་སྲུང་སྐྱོབ་ཚན་པར་ཞིབ་བཤེར་གཏན་འཁེལ་དང་ཡོངས་བསྒྲགས་བྱེད་མཁན་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དབྱེ་མཚམས་གཏན་འཁེལ་བྱེད་དགོས།

དོན་ཚན་བཅུ་དགུ་པ། རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱེད་ཁོངས་ནང་རིག་དངོས་སྲུང་སྐྱོབ་ཚན་པའི་བདེ་འཇགས་དང་ཁོར་ཡུག་ལ་གནོད་བཟོ་ཡོད་པའི་གཤམ་གསལ་གྱི་བྱེད་སྒོའི་རིགས་གཏན་འགོག་བྱེད་དགོས་པ་སྟེ།

(གཅིག) རིག་དངོས་ཀྱི་བདེ་འཇགས་ལ་གནོད་པའི་འབར་གས་སླ་བ་དང་རུལ་བསླད་རང་བཞིན་གྱི་དངོས་རྫས་ཉར་ཚགས་སམ་ཡང་ན་བཤངས་འབུད་བྱེད་པའི་རིགས་དང་།

(གཉིས) རང་འཚམ་གྱིས་བྱེ་མ་དང་། རྡོ། ས་བཅས་སྔོག་འདོན་བྱེད་པའི་རིགས།

(གསུམ) རིག་དངོས་ཀྱི་གཞི་མའི་སྟེང་བརྐོས་རྒྱག་པ་དང་། བཙོག་པ་བཟོ་བ། རི་མོ་འབྲི་བ། སྦྱར་བ་བཅས་བྱེད་པའི་རིགས།

(བཞི) ཤོག་སྦག་སྤར་བའི་རིགས།

(ལྔ) ཁྲིམས་ལྟར་བཀག་སྡོམ་བྱས་པའི་མཁའ་ཁོངས་སུ་རང་དགར་མི་མེད་མཁའ་འགྲུལ་ཡོ་བྱད་འཕུར་སྐྱོད་ཀྱི་བྱེད་སྒོ་སྤེལ་བའི་རིགས།

(དྲུག) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱེད་སྒོ་གཞན་དག་བཅས་སོ།

དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱེད་ཁོངས་སུ་འཛུགས་སྐྲུན་ལས་གྲྭའམ་ཡང་ན་འབར་གཏོར་དང་། གསོར་འབིགས་རྩད་ཞིབ། སྔོག་འདོན་སོགས་ཀྱི་ལས་དོན་སྒྲུབ་དགོས་ཚེ། ངེས་པར་དུ་ཁྲིམས་ལྟར་ཞིབ་མཆན་འགོད་པའི་གོ་རིམ་བརྒྱུད་དེ། རིག་དངོས་སྲུང་སྐྱོབ་ཚན་པའི་བདེ་འཇགས་ལ་འགན་ལེན་བྱེད་དགོས།

དོན་ཚན་ཉི་ཤུ་པ། རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་ཚོད་འཛིན་ཁུལ་ཁོངས་སུ་ལས་གྲྭ་འཛུགས་སྐྲུན་གྱི་ཇུས་འགོད་བཟོ་དགོས་ཚེ། ངེས་པར་དུ་རིག་དངོས་སྲུང་སྐྱོབ་ཚན་པའི་རིམ་པ་དང་འཛུགས་སྐྲུན་ལས་གྲྭས་རིག་དངོས་སྲུང་སྐྱོབ་ཚན་པའི་ལོ་རྒྱུས་ཀྱི་རྣམ་པར་ཤུགས་རྐྱེན་ཐེབས་ཚད་ལ་གཞིགས་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་ཐོབ་རྗེས། ཁྲིམས་ལྟར་འཛུགས་སྐྲུན་ལས་གྲྭའི་འཆར་འགོད་ཆོག་འཐུས་འཁྲོལ་འཛིན་ཐོབ་པ་བྱེད་དགོས།

འཛུགས་སྐྲུན་ལས་གྲྭས་རིག་དངོས་སྲུང་སྐྱོབ་ཚན་པའི་ལོ་རྒྱུས་ཀྱི་རྣམ་པར་གཏོར་བཤིག་གཏོང་མི་ཆོག་ཅིང་། དེའི་རྣམ་པ་དང་། མཐོ་ཚད། གཞི་རྒྱ། ཚོས་གཞི་སོགས་ངེས་པར་དུ་རིག་དངོས་ཀྱི་གཞི་མ་དང་ཆ་མཚུངས་པ་བྱེད་དགོས།

(པར་ངོས་བདུན་པར་གཟིགས)(པར་ངོས་དྲུག་པར་མཐུད)

དོན་ཚན་ཉེར་གཅིག་པ། ལས་གྲྭ་འཛུགས་སྐྲུན་གྱི་ས་ཆ་འདེམས་སྐབས་ངེས་པར་དུ་སྤོ་མི་རུང་བའི་རིག་དངོས་ལས་གཡོལ་གང་ཐུབ་བྱེད་དགོས་པ་དང་། དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་གཡོལ་ཐབས་མེད་ཚེ། ངེས་པར་དུ་དེ་སྔའི་གནས་ཡུལ་ལ་སྲུང་སྐྱོབ་གང་ཐུབ་བྱེད་དགོས།

དེ་སྔའི་གནས་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་ཚེ། འཛུགས་སྐྲུན་ཚན་པས་ངེས་པར་དུ་སྔོན་ཚུད་ནས་དེ་སྔའི་གནས་ཡུལ་གྱི་སྲུང་སྐྱོབ་བྱ་ཐབས་བཟོ་དགོས་པ་དང་། རིག་དངོས་སྲུང་སྐྱོབ་ཚན་པའི་རིམ་པར་གཞིགས་ནས་དེ་མཚུངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཐོབ་རེ་ཞུ་དགོས། རིམ་པ་གཏན་འཁེལ་བྱས་མེད་ལ་སྤོ་མི་རུང་བའི་རིག་དངོས་ཀྱི་དེ་སྔའི་གནས་ཡུལ་གྱི་སྲུང་སྐྱོབ་བྱ་ཐབས་བཟོ་སྐབས་རྫོང་རིམ་པའི་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཐོབ་རེ་ཞུ་དགོས། ཆོག་མཆན་མ་ཐོབ་ཚེ། འཛུགས་སྐྲུན་ལས་འགོ་འཛུགས་མི་ཆོག

དེ་སྔའི་གནས་ཡུལ་ལ་སྲུང་སྐྱོབ་བྱེད་ཐབས་བྲལ་བའི་རང་སྐྱོང་ལྗོངས་རིམ་པའམ་ཡང་ན་ཆུད་བཙུགས་པའི་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ས་ཆ་གཞན་དུ་གནས་སྤོས་ཀྱིས་སྲུང་སྐྱོབ་བྱེད་དགོས་པའམ་ཡང་ན་བཤིག་དགོས་ཚེ། དེ་གནས་སའི་ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང(སྲིད་ཧྲུའུ)གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་གནས་སྤོ་བྱེད་དགོས་པའམ་ཡང་ན་བཤིག་དགོས་ཚེ། ཆོག་མཆན་མ་ཞུས་གོང་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་ཐོབ་དགོས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་བཤིག་མི་ཆོག གལ་སྲིད་གནས་སྤོ་བྱེད་དགོས་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས། རིམ་པ་གཏན་འཁེལ་བྱས་མེད་ལ་སྤོ་མི་རུང་བའི་རིག་དངོས་ས་ཆ་གཞན་དུ་གནས་སྤོས་ཀྱིས་སྲུང་སྐྱོབ་བྱེད་དགོས་པའམ་ཡང་ན་བཤིག་དགོས་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས།

གཞུང་ཁོངས་ཀྱི་སྤོ་མི་རུང་བའི་རིག་དངོས་ས་ཆ་གཞན་དུ་གནས་སྤོས་ཀྱིས་སྲུང་སྐྱོབ་བྱེད་དགོས་པའམ་ཡང་ན་བཤིག་དགོས་ཚེ། རིག་དངོས་སྲུང་སྐྱོབ་ཚན་པའི་རིམ་པར་གཞིགས་ནས་དེ་མཚུངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ལྟ་སྐུལ་འོག་ལག་བསྟར་བྱེད་དགོས་པ་མ་ཟད། ཐིག་རིས་དང་། ཐོ་འགོད། བརྙན་ལེན། ཡིག་ཐོག་གི་ཟིན་ཐོ། ཡིག་ཚགས་བཟོ་བ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྒྲིག་འཛུགས་ཀྱང་བྱེད་དགོས། བསྡུ་ཉར་གྱི་རིན་ཐང་ལྡན་པའི་ལྡེབས་རིས་དང་། བཟོ་བརྐོས། བཟོ་སྐྲུན་ལྷུ་ལག་སོགས་ནི་ལྟ་སྐུལ་བྱེད་འགན་འཁུར་མཁན་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་རིག་དངོས་བསྡུ་ཉར་ཚན་པས་བསྡུ་ཉར་བྱེད་དགོས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་གནས་སྤོས་སྲུང་སྐྱོབ་བྱ་རྒྱུ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ལྟ་སྐུལ་ལག་བསྟར་བྱེད་དགོས།

དོན་ཚན་འདིའི་ནང་གཏན་ལ་ཕབ་པའི་དེ་སྔའི་གནས་ཡུལ་སྲུང་སྐྱོབ་དང་། གནས་སྤོ། བཤིག་པ་བཅས་བྱེད་པའི་འགྲོ་གྲོན་དེ་འཛུགས་སྐྲུན་ཚན་པས་འཛུགས་སྐྲུན་ལས་གྲྭའི་སྔོན་རྩིས་ནང་འཇུག་དགོས།

དོན་ཚན་ཉེར་གཉིས་པ། གཞུང་ཁོངས་ཀྱི་སྤོ་མི་རུང་བའི་རིག་དངོས་རྣམས་བེད་སྤྱོད་བྱེད་མཁན་གྱིས་ཉམས་གསོ་དང་བདག་སྐྱོང་བྱེད་འགན་འཁུར་དགོས། གཞུང་ཁོངས་མིན་པའི་སྤོ་མི་རུང་བའི་རིག་དངོས་རྣམས་དོ་བདག་གམ་ཡང་ན་བེད་སྤྱོད་བྱེད་མཁན་གྱིས་ཉམས་གསོ་དང་བདག་སྐྱོང་བྱེད་འགན་འཁུར་དགོས་ཤིང་། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྤྲོད་ཆོག

སྤོ་མི་རུང་བའི་རིག་དངོས་ཉམས་གསོ་དང་། བདག་སྐྱོང་། གནས་སྤོ་བཅས་བྱེད་སྐབས། ངེས་པར་དུ་རིག་དངོས་ཀྱི་སྔར་ཡོད་བཟོ་དབྱིབས་མི་འགྱུར་བ་དང་དགོས་ངེས་ལ་ཉམས་བཟོ་བྱེད་ཆུང་ཤོས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས་རིག་དངོས་ཀྱི་བཅོས་མིན་རང་བཞིན་དང་སྤྱི་ཡོངས་རང་བཞིན་སྲུང་འཛིན་བྱེད་པ་དང་། སྔར་ཡོད་ཀྱི་རིག་སྐྲུན་སྐྱེ་ཁམས་དང་ལོ་རྒྱུས་ཀྱི་ཁོར་ཡུག་རྣམ་པ་རྒྱུན་བསྲིང་བྱེད་པ། རིག་དངོས་ལ་ཉེན་མེད་ཀྱི་ལྟ་ཞིབ་ཚད་ལེན་བྱེད་པ་བཅས་ཀྱི་ཐོག་ནས་རིག་དངོས་ཐོན་ཁུངས་ལ་གཏོར་སྐྱོན་ཕོག་བཟོ་ཡོད་རིགས་དུས་ཐོག་ཏུ་སྲུང་སྐྱོབ་བྱ་ཐབས་སྤྱད་དེ་རིག་དངོས་ལ་གནོད་སྐྱོན་མི་ཡོང་བ་བྱེད་དགོས།

དོན་ཚན་ཉེར་གསུམ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རིག་དངོས་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་རིམ་དབྱེ་ལྟ་སྡོམ་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། བཅོས་སྒྲིག སྔོན་འགོག་བཅས་ཀྱི་ལམ་སྲོལ་དང་སྤོ་མི་རུང་བའི་རིག་དངོས་ཀྱི་རང་བྱུང་གནོད་འཚེའི་སྔོན་བརྡ་དང་འགོག་ཟོན་མ་ལག་འཛུགས་དགོས།

གནམ་གཤིས་དང་། ས་ཡོམ། ས་གཤིས་སོགས་རང་བྱུང་གནོད་འཚེའི་རྐྱེན་གྱིས་སྤོ་མི་རུང་བའི་རིག་དངོས་བདེ་འཇགས་ལ་མངོན་མེད་རྐྱེན་ངན་བྱུང་ཚེ། དེ་གནས་སའི་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་མར་མྱུར་སྐྱོབ་དང་སྲུང་སྐྱོབ་ཀྱི་བྱ་ཐབས་སྤྱོད་དགོས་པ་མ་ཟད། རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་གོང་རིམ་མི་དམངས་སྲིད་གཞུང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

ལེའུ་གསུམ་པ། གནའ་རྫས་སྔོག་འཚོལ།

དོན་ཚན་ཉེར་བཞི་པ། ས་འོག་ཏུ་སྦས་པ་དང་ཆུ་འོག་གི་ཤུལ་ལྷག་རིག་དངོས་རྣམས་ཚན་པ་གང་ཞིག་དང་མི་སུ་ཞིག་གིས་ཀྱང་རང་དགར་སྔོག་འདོན་བྱས་མི་ཆོག

རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱེད་པའི་ལས་དོན་སྒྲུབ་དགོས་ཚེ། གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱེད་མཁན་ཚན་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་རེ་ཞུ་ཕུལ་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཞིབ་བཤེར་བྱས་ནས་མོས་མཐུན་བྱས་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཕུལ་ཏེ་ཆོག་མཆན་ཐོབ་རྗེས་གཞི་ནས་སྔོག་འདོན་བྱས་ཆོག

རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་འགུལ་རང་བཞིན་གྱིས་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱེད་པའི་རྣམ་གྲངས་ལ་གནས་སྐབས་བེད་སྤྱོད་ཀྱི་ས་ཆའི་ཞིབ་མཆན་འགོད་དགོས།

དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ས་འོག་ཏུ་རིག་དངོས་ཡོད་བཟོ་ཡོད་པའི་ཁུལ་ཁོངས་ཀྱི་ས་ཆ་ནང་བཤུག་གམ་ཡང་ན་གཏོང་སྤྲོད་མ་བྱས་གོང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་གནའ་རྫས་རྟོག་ཞིབ་དང་སྔོག་འཚོལ་བྱེད་མཁན་ཚན་པ་སྒྲིག་འཛུགས་བྱས་ཏེ་གནའ་རྫས་བརྟག་དཔྱད་དང་རྩད་ཞིབ་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་དུས་ཐོག་ཏུ་ས་འོག་ལ་རིག་དངོས་ཡོད་བཟོ་ཡོད་པའི་ཁུལ་ཁོངས་ཀྱི་དབྱེ་མཚམས་ཕྱེ་དགོས་པ་མ་ཟད་སྐབས་བསྟུན་ལེགས་སྒྲིག་བྱེད་དགོས།

གཞི་རྩའི་འཛུགས་སྐྲུན་གྱི་ལས་གྲྭ་ཆེ་རིགས་གཉེར་བའམ་ཡང་ན་རིག་གནས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་བྱེད་ཁོངས་སུ་འཛུགས་སྐྲུན་ལས་གྲྭ་གཉེར་སྐབས་གོང་གསལ་གཏན་འབེབས་ལྟར་གནའ་རྫས་བརྟག་དཔྱད་དང་རྩད་ཞིབ་བྱས་མེད་ཚེ། འཛུགས་སྐྲུན་བྱེད་མཁན་ཚན་པས་ངེས་པར་དུ་སྔོན་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་ནས་གནའ་རྫས་སྔོག་འཚོལ་ཚན་པ་སྒྲིག་འཛུགས་བྱས་ཏེ་གནའ་རྫས་ཡོད་བཟོ་ཡོད་པའི་ལས་གྲྭ་གཉེར་སར་གནའ་རྫས་བརྟག་དཔྱད་དང་རྩད་ཞིབ་བྱ་རྒྱུའི་སྙན་སེང་ཞུ་དགོས།

དོན་ཚན་ཉེར་དྲུག་པ། གནའ་རྫས་སྔོག་འཚོལ་གྱི་ལས་ཀར་གཞོགས་འདེགས་བྱེད་དགོས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་བཙལ་འཚོལ་བྱས་པའི་རྨང་གཞིའི་ཐོག སྔོག་འདོན་བྱ་རྒྱུའི་འཆར་གཞི་བཟོས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས།

འཛུགས་སྐྲུན་གྱི་ལས་ཡུན་བྲེལ་འཚབ་ཆེ་བའམ་ཡང་ན་རང་བྱུང་གི་གཏོར་སྐྱོན་ཡོང་ཉེན་དངོས་འབྲེལ་ཡོད་པའི་དབང་གིས་གནའ་བོའི་རིག་གནས་རྗེས་ཤུལ་དང་གནའ་བོའི་བང་སོ་མྱུར་སྐྱོབ་དང་སྔོག་འཚོལ་བྱེད་དགོས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྔོག་འཚོལ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་མ་ཟད་མཆན་འགོད་འགྲོ་ལུགས་མཉམ་དུ་གཉེར་དགོས།

དོན་ཚན་ཉེར་བདུན་པ། གཞི་རྩའི་འཛུགས་སྐྲུན་དང་ཐོན་སྐྱེད་འཛུགས་སྐྲུན་རྐྱེན་པས་གནའ་རྫས་བརྟག་དཔྱད་དང་། རྩད་ཞིབ། སྔོག་འཚོལ་བཅས་བྱེད་དགོས་ཚེ། དེར་མཁོ་བའི་འགྲོ་གྲོན་རྣམས་འཛུགས་སྐྲུན་བྱེད་མཁན་ཚན་པས་འཛུགས་སྐྲུན་གྱི་ལས་གྲྭའི་སྔོན་རྩིས་ནང་འཇུག་དགོས།

རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་བྱེད་ཐབས་འོས་འཚམ་སྤྱད་དེ་གནའ་རྫས་བརྟག་དཔྱད་དང་། རྩད་ཞིབ། སྔོག་འཚོལ་བཅས་ཀྱི་ལས་ཀར་རྒྱབ་སྐྱོར་བྱས་ཆོག

དོན་ཚན་ཉེར་བརྒྱད་པ། གནའ་རྫས་རྟོག་ཞིབ་དང་སྔོག་འཚོལ་བྱས་པའི་རིག་དངོས་རྣམས་ངེས་པར་དུ་ཐོ་དེབ་བཟོས་ནས་ཉར་ཚགས་ཡག་པོ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་གཞུང་ཁོངས་རྟེན་མཛོད་ཁང་(བཤམས་སྟོན་ཁང་)དང་དཔེ་མཛོད་ཁང་ངམ་ཡང་ན་གཞུང་ཁོངས་རིག་དངོས་བསྡུ་ཉར་བྱེད་མཁན་ཚན་པར་དུས་ཐོག་ཏུ་རྩིས་སྤྲད་དེ་བསྡུ་ཉར་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཐོབ་རྗེས་གནའ་རྫས་རྟོག་ཞིབ་དང་སྔོག་འཚོལ་བྱེད་མཁན་ཚན་པས་ས་འོག་དང་ཆུ་འོག་ནས་ཐོན་པའི་རིག་དངོས་ཉུང་ཤས་ཤིག་ཚན་ཞིབ་ཀྱི་དངོས་དཔེར་འཛིན་ཆོག

གནའ་རྫས་རྟོག་ཞིབ་དང་སྔོག་འཚོལ་བྱེད་རིང་རིན་ཐང་ཆེན་པོ་ལྡན་པའི་གནའ་ཤུལ་ཤེས་རྟོགས་བྱུང་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ཀྱི་བླང་བྱ་གཞིར་བཟུང་དེ་སྔའི་གནས་ཡུལ་ལ་སྲུང་སྐྱོབ་དང་ས་ཆ་གཞན་དུ་སྤོས་ནས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་སྲུང་སྐྱོབ་བྱ་ཐབས་གཏན་འཁེལ་བཟོ་དགོས།

གནའ་རྫས་རྟོག་ཞིབ་དང་སྔོག་འཚོལ་བྱས་པའི་རིག་དངོས་དང་དཔྱད་ཡིག་རིགས་ཚན་པའམ་ཡང་ན་མི་སྒེར་སུ་ཞིག་གིས་ཀྱང་ཧམ་བཟུང་བྱས་མི་ཆོག

ལེའུ་བཞི་པ། རྟེན་མཛོད་ཁང་དུ་ཉར་ཚགས་ཀྱི་རིག་དངོས་དང་དམངས་ཁྲོད་ཀྱི་བསྡུ་ཉར་རིག་དངོས།

དོན་ཚན་ཉེར་དགུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ས་གནས་དེ་གའི་རིག་དངོས་ཐོན་ཁུངས་བེད་སྤྱད་དེ་རིག་གནས་ཀྱི་ཁྱད་རྟགས་མངོན་གསལ་དོད་པ་དང་། ལས་རིགས་ཀྱི་ཁྱད་གཤིས་མངོན་གསལ་དོད་པ། ས་ཁོངས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པ་བཅས་ཀྱི་རྟེན་མཛོད་ཁང(བཤམས་སྟོན་ཁང)དང་དྲན་གསོ་ཁང་བཙུགས་ཆོག

སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཞལ་འདེབས་རྒྱག་པ་དང་། མ་རྩ་བསྡུ་རུབ། མ་དངུལ་འཇོག་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་གཞུང་ཁོངས་མིན་པའི་རིག་དངོས་བསྡུ་ཉར་ཚན་པ་འཛུགས་རྒྱུར་སྐུལ་མ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཆ་རྐྱེན་བསྐྲུན་རྒྱུ་དང་། ཞབས་ཞུ་མཁོ་འདོན་བྱེད་པ། ནོར་ཁྲལ་གྱི་རོགས་སྐྱོར་སྲིད་ཇུས་སོགས་ཀྱི་ཐད་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པ་དང་གཞུང་ཁོངས་མིན་པའི་རིག་དངོས་བསྡུ་ཉར་ཚན་པར་ལྟ་སྟངས་འདྲ་མཉམ་འཛིན་དགོས།

དོན་ཚན་སུམ་ཅུ་པ། རྟེན་མཛོད་ཁང(བཤམས་སྟོན་ཁང)དང་། དཔེ་མཛོད་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། རིག་དངོས་བསྡུ་ཉར་ཚན་པ་གཞན་དག་བཅས་ཀྱིས་ཉར་ཚགས་བྱས་པའི་རིག་དངོས(གཤམ་ལ་རྟེན་ཉར་རིག་དངོས་ཞེས་བསྡུ་རྒྱུ)རྣམས་བསྡུ་ཉར་ཚན་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་རིག་དངོས་རིམ་པའི་ཚད་གཞི་གཞིར་བཟུང་རིག་དངོས་ཀྱི་རིམ་པ་དབྱེ་རྒྱུ་དང་། རྟེན་ཉར་རིག་དངོས་ཀྱི་རིམ་པ་ལྟར་ཡིག་ཚགས་དང་དོ་དམ་ལམ་ལུགས་ནན་པོ་བཟོས་ནས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད་གཙོ་གཉེར་བྱེད་མཁན་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

དོན་ཚན་སོ་གཅིག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་རྟེན་ཉར་རིག་དངོས་ཀྱི་ཡིག་ཚགས་བཟོ་དགོས།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རྟེན་ཉར་བྱས་པའི་རིམ་པ་དང་པོའི་རིག་དངོས་ཀྱི་ཡིག་ཚགས་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས་པ་དང་། རྟེན་ཉར་བྱས་པའི་རིམ་པ་གཉིས་པ་དང་གསུམ་པའི་རིག་དངོས་ཀྱི་ཡིག་ཚགས་རྣམས་རིག་དངོས་བསྡུ་ཉར་ཚན་པ་གནས་སའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིམ་པ་བཞིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

དོན་ཚན་སོ་གཉིས་པ། རིག་དངོས་བསྡུ་ཉར་ཚན་པས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རིག་དངོས་བདེ་འཇགས་ཀྱི་ཉེན་ཁའི་རིམ་པ་གཏན་འཁེལ་བཟོ་དགོས་པ་མ་ཟད། བདེ་འཇགས་སྲུང་སྐྱོབ་ཀྱི་བླང་བྱ་དང་མཐུན་པ་བྱེད་དགོས། གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པའི་རྟེན་ཉར་ཁང་སོགས་སུ་རྩ་ཆེའི་རིག་དངོས་ཉར་ཚགས་བྱ་རྒྱུའི་ཆ་རྐྱེན་མེད་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཆ་རྐྱེན་འཛོམས་པའི་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པ་དམིགས་འཛུགས་ཀྱིས་ཚབ་ཉར་བྱེད་དུ་འཇུག་དགོས་པ་དང་། དེ་སྔའི་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པས་གཞོགས་འདེགས་བྱེད་དགོས།

གཞུང་ཁོངས་མིན་པའི་རིག་དངོས་བསྡུ་ཉར་ཚན་པར་རྩ་ཆེའི་རིག་དངོས་ཉར་ཚགས་བྱ་རྒྱུའི་ཆ་རྐྱེན་མེད་ཚེ། ཆ་རྐྱེན་ཡོད་པའི་རིག་དངོས་བསྡུ་ཉར་ཚན་པར་ཉར་ཚགས་བྱ་རྒྱུའི་མངགས་བཅོལ་བྱས་ཆོག

དོན་ཚན་སོ་གསུམ་པ། གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པའི་དབར་འགྲེམས་སྟོན་དང་ཚན་རིག་ཞིབ་འཇུག་སོགས་བྱ་རྒྱུའི་དགོས་མཁོའི་རྐྱེན་པས་རྟེན་ཉར་རིག་དངོས་གཡར་སྤྱོད་བྱེད་དགོས་ཚེ། གཡར་མཁན་ཚན་པས་ངེས་པར་དུ་གཙོ་སྐྱོང་བྱེད་མཁན་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས། རྟེན་ཉར་བྱས་པའི་རིམ་པ་དང་པོའི་རིག་དངོས་གཡར་སྤྱོད་བྱེད་དགོས་ཚེ། ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་དུས་མཚུངས་སུ་སྙན་དཔོད་ཞུ་དགོས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས། རྟེན་ཉར་བྱས་པའི་རིམ་པ་གཉིས་པ་དང་གསུམ་པའི་རིག་དངོས་གཡར་སྤྱོད་བྱེད་དགོས་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས། བསྡུ་ཉར་བྱེད་མཁན་ཚན་པ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁོངས་སུ་གཏོགས་ཚེ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དོ་དམ་ལས་ཚན་གྱིས་རིམ་མཚུངས་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

གཞུང་ཁོངས་མིན་པའི་རིག་དངོས་བསྡུ་ཉར་ཚན་པ་དང་ཚན་པ་གཞན་དག་གིས་འགྲེམས་སྟོན་བྱེད་པའི་སྐབས་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པའི་རྟེན་ཉར་རིག་དངོས་གཡར་སྤྱོད་བྱེད་དགོས་ཚེ། གཡར་གཏོང་བྱེད་མཁན་ཚན་པས་ངེས་པར་དུ་གཙོ་འགན་འཁུར་མཁན་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། གཞུང་ཁོངས་ཀྱི་རྟེན་མཛོད་ཁང་སོགས་སུ་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་དངོས་གཡར་སྤྱོད་བྱེད་དགོས་ཚེ། ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས།

རིག་དངོས་བསྡུ་ཉར་བྱེད་མཁན་ཚན་པའི་དབར་རིག་དངོས་གཡར་སྤྱོད་བྱེད་དགོས་ཚེ། ངེས་པར་དུ་ཁྲིམས་ལྟར་གཡར་སྤྱོད་ཀྱི་གྲོས་མཐུན་འཇོག་དགོས། གྲོས་མཐུན་ནང་ངེས་པར་དུ་རྟེན་ཉར་རིག་དངོས་ཀྱི་མིང་དང་། རིམ་པ། སྤྱོད་སྟངས། སྲུང་སྐྱོབ་འགན་འཁྲི་སོགས་ཀྱི་ནང་དོན་ཚུད་དགོས། གྲོས་མཐུན་ནང་ཁ་ཆད་བཞག་པའི་དུས་ཚད་ལོ་གསུམ་ལས་བརྒལ་མི་ཆོག

དོན་ཚན་སོ་བཞི་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ལ་གཞིགས་ནས་རྟེན་ཉར་རིག་དངོས་ཀྱི་ཡིག་ཚགས་དང་དོ་དམ་ལམ་ལུགས་བཟོ་མཁན་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པའི་དབར་རྟེན་ཉར་རིག་དངོས་བརྗེ་རེས་བྱས་ཆོག རྟེན་ཉར་རིག་དངོས་བརྗེ་རེས་བྱེད་དགོས་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས། ཆོག་མཆན་ཐོབ་རེའི་ཞུ་ཡིག་ནང་ངེས་པར་དུ་བརྗེ་རེས་བྱ་རྒྱུའི་རིག་དངོས་ཀྱི་མིང་དང་། རིམ་པ། རྒྱུ་རྐྱེན། སྤྱོད་སྒོ། ཁ་གསབ་འཇལ་སྟངས་བཅས་གསལ་པོ་འབྲི་དགོས་པ་མ་ཟད་བརྗེ་རེས་ཀྱི་གྲོས་མཐུན་ཡི་གེ་ཟུར་བཀོད་བྱེད་དགོས།

རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ལ་མ་གཞིགས་པར་རྟེན་ཉར་རིག་དངོས་ཀྱི་ཡིག་ཚགས་དང་དོ་དམ་ལམ་ལུགས་བཟོ་མཁན་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པས་རྟེན་མཛོད་ཁང་དེའི་ཉར་ཚགས་རིག་དངོས་གཡར་སྤྱོད་དང་བརྗེ་རེས་བྱས་མི་ཆོག

དོན་ཚན་སོ་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དགོས་ངེས་ཀྱི་གྲོན་དངུལ་བཏང་ནས་རིག་དངོས་བསྡུ་ཉར་ཚན་པས་རྟེན་ཉར་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིག་དངོས་བསྡུ་ཉར་ཚན་པས་ངེས་པར་དུ་རྟེན་ཉར་བྱས་པའི་རྩ་ཆེའི་སྟོངས་ཉེའི་རིག་དངོས་དང་རྒྱུ་སྤུས་ཞན་པའི་རྩ་ཆེའི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

རྟེན་ཉར་རིག་དངོས་ཉམས་བཟོ་དང་། འདྲ་བཟོ། པར་ལེན། པར་བཤུས་བཅས་བྱེད་སྐབས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་ལྡན་ལག་རྩལ་ལ་བརྩི་སྲུང་ཞུ་དགོས་པ་ལས་རྟེན་ཉར་རིག་དངོས་ལ་གནོད་སྐྱོན་བཏང་མི་ཆོག རྟེན་ཉར་བྱས་པའི་རིམ་པ་གཉིས་པ་དང་གསུམ་པའི་རིག་དངོས་ཉམས་བཟོ་དང་། འདྲ་བཟོ། པར་བཤུས་བཅས་བྱེད་དགོས་རིགས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། རྟེན་ཉར་བྱས་པའི་རིམ་པ་དང་པོའི་རིག་དངོས་ཉམས་བཟོ་དང་། འདྲ་བཟོ། པར་བཤུས་བཅས་བྱེད་དགོས་རིགས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས།

རྟེན་ཉར་རིག་དངོས་པར་སྐྲུན་དང་སྒྲ་ཕབ་སྒྲིག་བཟོ་བྱེད་དགོས་རིགས། ངེས་པར་དུ་རིག་དངོས་བསྡུ་ཉར་ཚན་པའི་མོས་མཐུན་ཐོབ་དགོས་པ་མ་ཟད། པར་ལེན་བྱ་རྒྱུའི་གྲོས་མཐུན་བཞག་ནས་རིག་དངོས་སྲུང་སྐྱོབ་བྱ་ཐབས་དང་འགན་འཁྲི་ཁ་གསལ་བཟོ་དགོས། རིག་དངོས་བསྡུ་ཉར་ཚན་པས་ངེས་པར་དུ་པར་ལེན་ཚར་རྗེས་ཀྱི་ལས་ཀའི་ཉིན་གྲངས་བཅུའི་ནང་ཚུན་དུ་པར་ལེན་བྱས་ཚུལ་རིམ་པ་དེ་གའི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

སྤོ་མི་རུང་བའི་ཁེར་ཚུགས་རིག་དངོས་ཉམས་བཟོ་དང་། འདྲ་བཟོ། པར་ལེན། པར་བཤུས་བཅས་བྱེད་དགོས་རིགས་གོང་གསལ་དོན་ཚན་གྱི་གཏན་འབེབས་སྤྱོད་དགོས།

དོན་ཚན་སོ་དྲུག་པ། རིག་དངོས་བསྡུ་ཉར་བྱེད་མཁན་ཚན་པ་ཕུད་པའི་སྤྱི་དམངས་དང་རྩ་འཛུགས་ཀྱིས་ཁྲིམས་དང་མཐུན་པར་རིག་དངོས་ཉར་ཚགས་བྱ་རྒྱུར་སྐུལ་མ་གཏོང་དགོས། དམངས་ཁྲོད་དུ་ཁྲིམས་ལྟར་བསྡུ་ཉར་བྱས་པའི་རིག་དངོས་ཀྱི་བདག་དབང་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པས་ཁྲིམས་ལྟར་འགྲོ་རྒྱུག་བྱས་ཆོག འོན་ཀྱང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པ་ཚུད་མེད།

རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་དམངས་ཁྲོད་དུ་བསྡུ་ཉར་བྱས་པའི་རིག་དངོས་ལ་དཔྱད་འདོམས་དང་། ཉམས་བཟོ། ཉར་ཚགས་སོགས་ཐད་ཀྱི་བློ་འདྲིའི་ཞབས་ཞུ་སྒྲུབ་ཆོག

དོན་ཚན་སོ་བདུན་པ། རིག་དངོས་བསྡུ་ཉར་བྱེད་མཁན་ཚན་པ་ཕུད་པའི་སྤྱི་དམངས་དང་རྩ་འཛུགས་ཀྱིས་ཉར་ཚགས་བྱས་པའི་རིག་དངོས་ཞལ་འདེབས་འབུལ་བའམ་ཡང་ན་རིག་དངོས་བསྡུ་ཉར་ཚན་པར་གཡར་ནས་འགྲེམས་སྟོན་དང་ཞིབ་འཇུག་བྱེད་པར་སྐུལ་མ་གཏོང་དགོས།

རིག་དངོས་བསྡུ་ཉར་ཚན་པས་ངེས་པར་དུ་ཞལ་འདེབས་འབུལ་མཁན་ལ་བརྩི་འཇོག་བྱེད་དགོས་པ་མ་ཟད་དེའི་འདོད་བློ་གཞིར་བཟུང་ཞལ་འདེབས་ཕུལ་བའི་རིག་དངོས་ཉར་ཚགས་དང་། བདག་སྐྱོང་། འགྲེམས་སྟོན་བཅས་འོས་ཤིང་འཚམ་པ་བྱེད་དགོས།

དོན་ཚན་སོ་བརྒྱད་པ། རིག་དངོས་ཕྱིར་འཚོང་གི་བྱེད་སྒོ་སྤེལ་རྒྱུ་དེ་ཁྲིམས་ལྟར་བཙུགས་པའི་རིག་དངོས་ཕྱིར་འཚོང་སྡེ་ཚན་གྱིས་སྤེལ་དགོས། རྫོང་རིམ་ཡན་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རིག་དངོས་ཕྱིར་འཚོང་དང་ཧབ་འཚོང་གཉེར་སྐྱོང་བྱེད་སྒོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།

རིག་དངོས་བསྡུ་ཉར་ཚན་པས་རིག་དངོས་ཧབ་འཚོང་གི་བྱེད་སྒོ་སྤེལ་མི་ཆོག་པ་དང་། རིག་དངོས་ཧབ་འཚོང་བྱེད་པའི་ཁེ་ལས་བཙུགས་མི་ཆོག

ལེའུ་ལྔ་པ། ཞིབ་འཇུག་དང་བེད་སྤྱོད།

དོན་ཚན་སོ་དགུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་དངོས་ཀྱི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ཏེ་རིག་དངོས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་འོག རིག་དངོས་དེའི་རིག་གནས་ཀྱི་གོ་དོན་དང་དུས་རབས་ཀྱི་རིན་ཐང་གསལ་རྟོགས་ཟབ་མོ་དང་འགྲེལ་བཤད་ཆ་ཚང་བ་རྒྱག་དགོས་པ་མ་ཟད། རིག་གནས་ཤེས་བྱའི་ཀློག་དེབ་དང་། རིགས་པའི་གཞུང་ལུགས་ཀྱི་དཔེ་དེབ། གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་བཅས་བསྡུ་སྒྲིག་དང་། དཔེ་སྐྲུན། སྒྲིག་བཟོ་བཅས་བྱས་ནས་སྣ་མང་ཅན་དང་བང་རིམ་མང་བའི་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས།

དོན་ཚན་བཞི་བཅུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་བཅོས་སྐྱོང་ནུས་ལྡན་བྱེད་པ། མི་རིགས་ཁག་གིས་ཐུན་མོང་ཐོག་བོད་ལྗོངས་འཛུགས་སྐྲུན་བྱེད་པ་བཅས་མཚོན་པའི་གལ་ཆེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ལོ་རྒྱུས་དང་རིག་གནས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་རྒྱུས་ཀྱི་དཔང་པོ་བྱེད་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ་བཅས་ཀྱི་ཁྲོད་རིག་དངོས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས།

དོན་ཚན་ཞེ་གཅིག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་རྟེན་མཛོད་ཁང(བཤམས་སྟོན་ཁང)དང་། དྲན་གསོ་ཁང་། རིག་དངོས་སྲུང་སྐྱོབ་ཚན་པ་བཅས་ཀྱིས་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་སོགས་ཚན་པ་དང་མཉམ་དུ་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་གཏོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། སྤོ་མི་རུང་བའི་རིག་དངོས་ཞིག་གསོ་དང་། གནའ་རྫས་རྟོག་ཞིབ་དང་སྔོག་འཚོལ། སྤོ་མི་རུང་བའི་རིག་དངོས་ཉམས་བཟོ་སོགས་ལ་ཞིབ་འཇུག་བྱེད་དགོས། རིག་གནས་ཐོན་རྫས་ཀྱི་སྣེ་འདྲེན་ཤེས་ལྡན་པ་དང་། ཚན་རྩལ་ཤེས་ལྡན་པ། རྩལ་ནུས་ཤེས་ལྡན་པ། ཤེས་རྩལ་འཛོམས་པའི་མི་སྣ་བཅས་གསོ་སྐྱོང་གང་མགྱོགས་བྱེད་པ་དང་། རིག་དངོས་ཞིག་གསོ་དང་། ཉམས་བཟོ། ཚན་རྩལ་གྱིས་སྲུང་སྐྱོབ། གནའ་རྫས་རྟོག་ཞིབ་དང་སྔོག་འཚོལ། རིག་དངོས་དཔྱད་འདོམས་སོགས་ཀྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་དང་། བེད་སྤྱོད། དཔྱད་གདེང་། སྐུལ་ལྕག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིག་དངོས་སྲུང་སྐྱོབ་ལས་ཚན་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

དོན་ཚན་ཞེ་གཉིས་པ། རྟེན་མཛོད་ཁང(བཤམས་སྟོན་ཁང)དང་། དྲན་གསོ་ཁང་། རིག་དངོས་སྲུང་སྐྱོབ་ཚན་པ་བཅས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤྱི་ཚོགས་སློབ་གསོ་དང་རིག་གནས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་བྱུང་ཚུལ་སོགས་ཐད་ཀྱི་ནང་དོན་མཚོན་པའི་འགྲེམས་སྟོན་དང་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ། སྤྱི་ཚོགས་ཀྱི་རིག་གནས་དར་སྤེལ་དང་རིག་གནས་སྤེལ་རེས་ཀྱི་མཉམ་ལས་ནང་ཐེ་ཞུགས་བྱེད་པ། རིག་གནས་བློ་གསར་དང་ཡུལ་སྐོར་སོགས་ཀྱི་ཐོན་ལས་དང་ཟུང་འབྲེལ་བྱས་ཏེ་ཐོག་མའི་རིག་གནས་ཀྱི་ཐོན་རྫས་གསར་སྤེལ་བྱེད་པ། རིག་གནས་བློ་གསར་གྱི་གྲགས་རྟགས་གཏོད་པ། རིག་གནས་ཐོན་རྫས་ཀྱི་འབྲེལ་ཐག་སྣུར་སྲིང་བྱེད་པ་བཅས་ཀྱི་ཐོག་ནས་ཐོན་ལས་གོང་འཕེལ་གྱི་བར་མཐོངས་རྒྱ་ཆེར་གཏོང་དགོས།

སྤོ་མི་རུང་བའི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དུ་བཙུགས་པའི་རྟེན་མཛོད་ཁང(བཤམས་སྟོན་ཁང)དང་། དྲན་གསོ་ཁང་། རིག་དངོས་ཉར་ཚགས་ཁང་། གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་སོགས་ཚན་པས་ངེས་པར་དུ་སྤོ་མི་རུང་བའི་རིག་དངོས་ཀྱི་རིན་ཐང་གསལ་རྟོགས་དང་གསལ་འགྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དམིགས་སུ་བཀར་ནས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་དགོས།

དོན་ཚན་ཞེ་གསུམ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་དང་། རིག་དངོས་སྲུང་སྐྱོབ་ཚན་པ། གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པ་བཅས་ཀྱིས་ངེས་པར་དུ་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་བེད་སྤྱད་དེ་རིག་དངོས་གྲངས་འཛིན་ཅན་དུ་འགྱུར་བར་བྱེད་དགོས།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ལྗོངས་ཡོངས་ཀྱི་རིག་དངོས་ཐོན་ཁུངས་ཀྱི་གཞི་གྲངས་མཛོད་བཟོས་ནས་རིག་དངོས་ཀྱི་གཞི་གྲངས་མཉམ་སྤྱོད་དང་། རིག་དངོས་ཀྱི་ཐོན་ཁུངས་གྲངས་འཛིན་ཅན་དང་ཚད་ལྡན་ཅན་དུ་འཚོལ་བསྡུ་དང་འགྲེམས་སྟོན་བེད་སྤྱོད། རིག་དངོས་སྲུང་སྐྱོབ་དང་། ཞིབ་འཇུག འགྲེམས་སྟོན། བེད་སྤྱོད། དོ་དམ། ཞབས་ཞུ་སོགས་ཀྱི་ཐད་སྤྱོད་པའི་ཆ་འཕྲིན་ལག་རྩལ་དང་གྲངས་འཛིན་ལག་རྩལ་གསར་གཏོད་བཅས་བྱེད་དགོས། གྲངས་འཛིན་ཅན་གྱི་ལྟ་སྡོམ་ཆུ་ཚད་མཐོ་རུ་བཏང་ནས་རིག་དངོས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་སྡོམ་བྱ་རྒྱུར་སྐུལ་མ་གཏོང་དགོས།

དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་དངོས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ་དང་། རིག་དངོས་ཀྱི་བདེ་འཇགས་འགན་ལེན་འོག རྟེན་མཛོད་ཁང(བཤམས་སྟོན་ཁང)དང་། དྲན་གསོ་ཁང་། རིག་དངོས་སྲུང་སྐྱོབ་ཚན་པ། གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་སོགས་ཡུལ་སྐོར་ལམ་ཐིག་ནང་བཅུག་ནས་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་བེད་སྤྱོད་གང་ལེགས་བྱ་རྒྱུར་སྐུལ་མ་གཏོང་དགོས།

(པར་ངོས་བརྒྱད་པར་གཟིགས)(པར་ངོས་བདུན་པར་མཐུད)

དོན་ཚན་ཞེ་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྤྱི་ཚོགས་སྟོབས་ཤུགས་ཀྱིས་གཤམ་གསལ་བྱ་ཐབས་བརྒྱུད་ཁྲིམས་ལྟར་རིག་དངོས་བེད་སྤྱོད་ལུགས་མཐུན་བྱ་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས་པ་སྟེ།

(གཅིག)རྟེན་མཛོད་ཁང(བཤམས་སྟོན་ཁང)དང་རིག་དངོས་ཉར་ཚགས་ཁང་འཛུགས་པའམ་ཡང་ན་སྤྲོ་གསེང་ལྟ་སྐོར་བྱ་ཡུལ་འཛུགས་གཏོད་བྱེད་པའི་རིགས་དང་།

(གཉིས)སྡེ་ཁུལ་གྱི་དཔེ་དེབ་ཁང་དང་། སྤྱི་ཕན་སློབ་ཁྲིད་ཁང་། རིག་གནས་ས་ཚིགས་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཀྱི་བར་མཐོངས་ལ་བརྩི་བའི་རིགས།

(གསུམ)འགྲེམས་སྟོན་ཁང་དང་མཛེས་རྩལ་ཁང་ངམ་ཡང་ན་བཤམས་སྟོན་ཁང་གཞན་དག་གི་རིགས།

(བཞི)གནའ་བོའི་དམངས་སྲོལ་སྡོད་ཁང་དང་། དེ་བཞིན་སྡོད་ཁང་དང་ཚོང་ལས་སོགས་ཀྱི་བྱེད་ནུས་ལྡན་པའི་ཉེ་རབས་དང་དེང་རབས་ཀྱི་བཟོ་སྐྲུན་བཅས་མགྲོན་ཁང་ཆུང་གྲས་དང་། འགྲུལ་ཁང་། དམངས་སྲོལ་གནས་ཚང་། ཚོང་ཁང་། ཇ་ཁང་། སྲོལ་རྒྱུན་བཟོ་རྩལ་ཁང་སོགས་ལ་བརྩི་བའི་རིགས།

(ལྔ)རིག་གནས་བློ་གསར་ཐོན་རྫས་གསར་སྤེལ་ནང་ཞུགས་པའི་རིགས།

(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་བྱས་པའི་བྱེད་ཐབས་གཞན་དག་བཅས་སོ།

ལེའུ་དྲུག་པ། ལྟ་སྐུལ་དོ་དམ།

དོན་ཚན་ཞེ་དྲུག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་གཞུང་ཁོངས་རིག་དངོས་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་ལམ་ལུགས་བཟོ་དགོས་པ་དང་། གཞུང་ཁོངས་རིག་དངོས་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་གཞུང་ཁོངས་རིག་དངོས་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་སྐབས་བསྟུན་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དུས་བཀག་ལྟར་གཞུང་ཁོངས་རིག་དངོས་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་བྱས་ཚུལ་སྙན་དཔོད་ཞུ་དགོས།

རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་རིམ་པ་དེ་གའི་གཞུང་ཁོངས་རིག་དངོས་ཐོན་ཁུངས་དང་རྒྱུ་ནོར་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཁྲིམས་ལྟར་སྤྱི་ཚོགས་ཐོག་ཞིབ་བཤེར་བྱས་འབྲས་ཡོངས་བསྒྲགས་བྱེད་དགོས།

རྫོང་རིམ་ཡན་མི་དམངས་སྲིད་གཞུང་རྩིས་བཤེར་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་གཞུང་ཁོངས་རིག་དངོས་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་བྱས་ཚུལ་ལ་རྩིས་བཤེར་དང་ལྟ་སྐུལ་བྱེད་དགོས།

དོན་ཚན་ཞེ་བདུན་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་དངོས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་བཟོས་ཏེ་རིག་དངོས་བདེ་འཇགས་ཀྱི་གཏོགས་ཁོངས་དོ་དམ་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། རིག་དངོས་བདེ་འཇགས་ཀྱི་དཔྱད་གདེང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རིག་དངོས་བདེ་འཇགས་ཀྱི་ལས་དོན་སྤེལ་ཚུལ་ལ་ལྟ་ཞིབ་བྱེད་པ། རིག་དངོས་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཚབས་ཆེན་ཐོན་པར་བརྟག་དཔྱད་དང་ཐག་གཅོད་བཅས་བྱེད་དགོས།

རྫོང་རིམ་ཡན་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རིག་དངོས་བདེ་འཇགས་ཐད་ཀྱི་ཚབས་ཆེའི་དོན་རྐྱེན་ཐོན་རིགས་འགོག་ཟོན་བྱེད་པའི་སྔོན་ཇུས་དང་། རིག་དངོས་བདེ་འཇགས་ཀྱི་དོ་དམ་ལམ་ལུགས། སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་ཞིབ་ལམ་ལུགས་བཅས་བཟོས་ཏེ་རིག་དངོས་བདེ་འཇགས་ལ་ཞིབ་བཤེར་དང་སྲིད་འཛིན་ཁྲིམས་སྒྱུར་ལ་ལྟ་ཞིབ་བྱེད་དགོས།

རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་བྱ་རྒྱུའི་གྲོན་དངུལ་གྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

རྫོང་རིམ་ཡན་མི་དམངས་སྲིད་གཞུང་རྩིས་བཤེར་ལས་ཁུངས་ཀྱིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་བྱ་རྒྱུའི་གྲོན་དངུལ་བེད་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

དོན་ཚན་ཞེ་བརྒྱད་པ། རིག་དངོས་བལྟོས་བཅས་ཀྱིས་རུབ་བསྡུས་ཡིན་པའམ་ཡང་ན་རྩ་ཆེའི་རིག་དངོས་གནས་སའི་ཤང་དང་གྲོང་རྡལ་ཁག་ཏུ་གཞི་རིམ་གྱི་རིག་དངོས་སྲུང་སྐྱོབ་རྩ་འཛུགས་སམ་ཡང་ན་རིག་དངོས་སྲུང་སྐྱོབ་དང་དོ་དམ་བྱེད་མཁན་གྱི་ཆེད་ལས་པ(གཅིག་ལྕོགས)བཀོད་སྒྲིག་བྱས་ཆོག

རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་གདན་ཞུ་བྱས་པའི་རིག་དངོས་སྲུང་སྐྱོབ་དོ་དམ་པར་ངེས་པར་དུ་ཐོབ་ཆ་འོས་འཚམ་སྤྲོད་དགོས།

དོན་ཚན་ཞེ་དགུ་པ། སྤོ་མི་རུང་བའི་རིག་དངོས་དོ་དམ་ལས་ཚན(དོ་དམ་པ)དང་། རིག་དངོས་བསྡུ་ཉར་ཚན་པ། རིག་དངོས་ཉར་ཚགས་བྱས་པའི་ཚན་པ་གཞན་དག་བཅས་ཀྱིས་ངེས་པར་དུ་རིག་དངོས་བདེ་འཇགས་ཀྱི་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། རིག་དངོས་སྲུང་སྐྱོབ་དང་བདེ་འཇགས་ཀྱི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། འཕྲལ་སྡོམ་སྔོན་ཇུས་བཟོ་བ། མེ་ཟོན་དང་། རྐུ་ཟོན། ཡོམ་ཟོན། གཏོར་སྐྱོན་སྔོན་འགོག རང་བྱུང་གནོད་འཚེ་སྔོན་འགོག་སོགས་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། དུས་བཀག་ལྟར་བདེ་འཇགས་ཞིབ་བཤེར་དང་མེ་ཟོན་ནང་སྦྱོང་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས།

སྤོ་མི་རུང་བའི་རིག་དངོས་དོ་དམ་ལས་ཚན(དོ་དམ་པ)དང་། རིག་དངོས་བསྡུ་ཉར་ཚན་པས་ངེས་པར་དུ་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་དང་ལེན་ཞུ་དགོས།

དོན་ཚན་ལྔ་བཅུ་པ། སྤོ་མི་རུང་བའི་རིག་དངོས་དོ་དམ་ལས་ཚན(དོ་དམ་པ)དང་། རིག་དངོས་བསྡུ་ཉར་ཚན་པ། རིག་དངོས་ཉར་ཚགས་བྱས་པའི་ཚན་པ་གཞན་དག་བཅས་ཀྱིས་ངེས་པར་དུ་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་སྒྲུབ་པ་དང་། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས་ལ། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་མེ་ཟོན་སྒྲིག་ཆས་དང་། གོ་ཆས་སམ་ཡང་ན་ཡོ་བྱད་སྒྲིག་སྦྱོར་བྱས་ཏེ་མེ་སྤྱོད་དང་། གློག་སྤྱོད། རླངས་སྤྱོད་སོགས་ཀྱི་མེ་ཟོན་བདེ་འཇགས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། གློག་ཤུགས་སྒྲིག་བཀོད་ལ་དུས་བཀག་ལྟར་ཞིབ་དཔྱད་བྱེད་པ་དང་། མེ་ཟོན་བདེ་འཇགས་ཀྱི་འཕྲལ་སྡོམ་སྔོན་ཇུས་བཟོས་ཏེ་ནང་སྦྱོང་བྱས་ནས་མེ་སྐྱོན་སྔོན་འགོག་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས།

དོན་ཚན་ང་གཅིག་པ། ལས་ཁུངས་དང་། དཔུང་སྡེ། ཁེ་ལས་བྱ་གཞག་ཚན་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་ཀྱིས་རིག་དངོས་དོ་དམ་དང་བེད་སྤྱོད་བྱེད་དགོས་ཚེ། ངེས་པར་དུ་རིག་དངོས་ཀྱི་སྣ་རིགས་དང་རིམ་པ་གཞིར་བཟུང་ཁག་སོ་སོར་ཐོ་འགོད་དང་ཡིག་ཚགས་བཟོ་དགོས་པ་མ་ཟད་ས་གནས་དེ་གའི་རིག་དངོས་སྲིད་འཛིན་སྡེ་ཚན་དབར་རིག་དངོས་སྲུང་སྐྱོབ་དང་དོ་དམ་བྱེད་པའི་འགན་འཁྲིའི་གན་རྒྱ་འཇོག་པ་དང་། རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིག་དངོས་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱེད་རིགས་དང་ལེན་ཞུ་དགོས།

དོན་ཚན་ང་གཉིས་པ། སྲིད་འཛིན་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་ཁྲིམས་ལྟར་གཞུང་བཞེས་བཏང་བའི་རིག་དངོས་རྣམས་ངེས་པར་དུ་ཐོ་དེབ་བཟོས་ནས་བདག་ཉར་ཡག་པོ་བྱེད་དགོས་པ་དང་། གྱོད་ཐག་བཅད་རྗེས་རིན་མེད་ཐོག་རིག་དངོས་སྲིད་འཛིན་སྡེ་ཚན་ལ་རྩིས་སྤྲོད་བྱེད་དགོས་པ་མ་ཟད་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པས་བསྡུ་ཉར་བྱེད་དགོས།

དོན་ཚན་ང་གསུམ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་སྤྱི་ཚོགས་ཐོག་རིག་དངོས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱེད་པའི་ཁ་པར་ཨང་གྲངས་དང་། ཡིག་སྒམ། གློག་རྡུལ་སྦྲག་བསྐུར་གནས་ཡུལ་སོགས་ཡོངས་བསྒྲགས་བྱེད་དགོས། ཐེར་འདོན་བྱས་པ་ལག་འབྱོར་བྱུང་རྗེས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་བཞིན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་མ་ཟད། ཐག་གཅོད་བྱས་འབྲས་ཐེར་འདོན་བྱེད་མཁན་ནམ་ཡང་ན་ཞུ་སྦྱོར་བྱེད་མཁན་ལ་ལན་སྤྲོད་བྱེད་དགོས།

ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ང་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བ་དང་། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་རིག་དངོས་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲི་ཁྲིམས་ལྟར་མ་བསྒྲུབས་པར་འགན་དབང་གང་བྱུང་དུ་སྤྱོད་པ་དང་། འགན་འཁྲི་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ། འགན་འཁྲི་འཁུར་མཁན་གྱི་འགོ་ཁྲིད་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་ང་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ།

ལེའུ་བརྒྱད་པ། ཞར་བྱུང་།

དོན་ཚན་ང་དྲུག་པ། སྲོལ་ཡིག་འདི་2026ལོའི་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱས་པ།

(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)