ཤིན་ཧྭ་གསར་འགྱུར་ཁང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲེན་ཀྲེན་ཆན་ཧའེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས། འགོ་བརྗོད་དུ《ཡིད་ཆེས་བརྟན་དུ་བཏང་ནས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འོད་སྟོང་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད》ཅེས་འཁོད་པའི་གཙོ་དོན་གསུང་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་དང་ཟང་ཟིང་ཆེ་བས། འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ནུས་མི་འདང་བ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱང་ཤུགས་ཆེར་འགྲོ་བཞིན་ཡོད། དེ་དང་དུས་མཚུངས་གོ་ལ་ཧྲིལ་པོའི་ཚོང་དོན་ལ་འགོག་རྐྱེན་འཕྲད་ཀྱང་འཕར་སྣོན་རྒྱུན་འཁྱོངས་ཐུབ་པ་དང་གསར་དར་ལག་རྩལ་ལ་ཚད་བརྒལ་མགྱོགས་མྱུར་བྱུང་ནས་འཛམ་གླིང་གི་འཕེལ་རྒྱས་བཀོད་པར་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད། སྒོ་དབྱེའམ་ཡང་ན་སྒོ་རྒྱག་དང་། མཉམ་ལས་སམ་ཡང་ན་ལོགས་དབྱེ། སྒྱུར་བཅོས་སམ་ཡང་ན་རྙིང་ཞེན་བཅས་ལས་གང་ཞིག་གདམ་རྒྱུ་ནི་ངེས་པར་དུ་ལན་འདེབས་དགོས་པའི་དུས་རབས་ཀྱི་དྲི་བ་ཞིག་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་རླབས་རྒྱུན་དང་བསྟུན་ནས་ཐོན་པ་ཞིག་ཡིན་པས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱིས་དུས་རབས་ཀྱི་དར་སྲོལ་ལ་ཁྲིད་སྟོན་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། ད་ལོ་ནི་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་ཐེངས་གསུམ་པ་ཡིན་པས། ཕྱོགས་ཁག་དང་མཉམ་དུ་ཡིད་ཆེས་བརྟན་གཏོང་དང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་མཉམ་དུ་བཙུགས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་དེའི་ཐད་གྲོས་འགོ་ཁག་4བཏོན་གནང་བ་སྟེ།
གཅིག་ནས་ཞི་བདེ་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་སྲུང་སྐྱོང་བྱེད་དགོས། ཕྱི་ཕྱོགས་ཀྱི་དུས་བབ་རྙོག་འཛིང་ཇི་ཙམ་ཆེ་ན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་དེ་ཙམ་བྱས་ནས། འདྲ་མཉམ་དང་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་དགོས་ལ། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་མི་མཐུན་ཕྱོགས་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་དེ་ཙམ་བྱས་ནས། མཐུན་སྒྲིལ་མཉམ་ལས་ཀྱིས་འགྲན་སློང་ལ་ཁ་གཏད་བཅག་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ཡུན་རིང་བདེ་འཁོད་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས།
གཉིས་ནས་སྒོ་དབྱེ་མཉམ་ལས་ཀྱི་འབྲེལ་ཟམ་འཛུགས་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པ་དང་། སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་པ། རང་མོས་སྒོ་དབྱེའི་ཚོང་དོན་དང་མ་འཇོག་ལ་རྒྱབ་སྐྱོར་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་ཤར་གཏོང་ཐུབ་པར་སྲུང་སྐྱོང་བཅས་བྱེད་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་ཕན་ཚུན་འབྲེལ་མཐུད་ཀྱི་དྲ་རྒྱ་བཙུགས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་མཐུན་རྐྱེན་བཟང་པོ་སྐྲུན་དགོས།
གསུམ་ནས་གསར་གཏོད་ཀྱི་འཕར་སྣོན་སྒུལ་ཤུགས་འཕེལ་བར་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་རོགས་ཟླའི་འབྲེལ་བ་ཧུར་ཐག་འཛུགས་པ་དང་། གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གསར་གཏོད་ཀྱི་ལེགས་ཆ་དེ་འཕར་སྣོན་གྱི་སྒུལ་ཤུགས་ལ་རྒྱུན་ཆད་མེད་པར་འགྱུར་བར་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་འཕར་སྣོན་ཡོང་བར་སྒུལ་ཤུགས་ཆེན་པོ་སྣོན་དགོས།
བཞི་ནས་གཉིས་ཁེ་གཉིས་ཕན་གྱི་ལམ་བུ་རྒྱ་ཆེར་གཏོང་དགོས། ཚོང་དོན་དང་མ་འཇོག་གི་བཀག་རྒྱ་མེད་པར་བཟོས་ནས་སྒོ་དབྱེའི་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་འཛུགས་སྐྱོང་བྱེད་དགོས་ལ། ཀུན་ཕན་དོ་སྙོམས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་ཕྱོད་དང་དྲང་གཞག་ལའང་ལྟ་རྟོག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དཔལ་འབྱོར་སྒྲིག་གཞི་ཁག་དང་རིམ་གྲས་དང་མི་ཚོགས་མི་འདྲ་བར་ཕན་པ་ཐོབ་པར་བྱེད་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དུ་འཛམ་གླིང་ཐོག་གི་མཚོ་ཁུག་ཁུལ་གལ་ཆེ་ཤོས་འདུས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་མཚོ་ཁུག་ཁུལ་གྱི་དཔལ་འབྱོར་མཉམ་ལས་མནའ་འབྲེལ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། མཚོ་ཁུག་ཁུལ་ཁག་གི་སྤེལ་རེས་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་གསར་ལེགས་བཟང་གསུམ་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་སྙུགས་ཤེད་དང་གསོན་ཤུགས་ཆེན་པོ་མངོན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་4.6%ཟིན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མྱུར་པོ་བྱུང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་གོམ་སྟབས་བརྟན་ལ་མྱུར་པོ་ཡོད། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནི་རང་ངོས་འཕེལ་རྒྱས་ཀྱི་འཆར་གཞི་ཞིག་ཡིན་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ལའང་གོ་སྐབས་མཁོ་འདོན་བྱས་ཡོད་པས། དེ་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་ཕྱོགས་ནས་བཏོན་པའི་མཉམ་ལས་ཀྱི་གདན་ཞུ་ཞིག་ཀྱང་རེད།
——ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་གཞི་ཁྱོན་ཆེས་ཆེ་བའི་སྒོ་དབྱེའི་ཁྲོམ་ར་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པ་དེ་ཡིན་པ་དང་། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་འདུས་ཡོད་པས། མ་འཇོག་དང་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་གོས་སྒོ་དབྱེའི་ཁྲོམ་ར་ཆེན་པོ་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་དང་སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བཞིན་ཡོད་པས། སྣ་མང་ཅན་གྱི་དགོས་མཁོ་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་རེད། ཀྲུང་གོས“ཀྲུང་གོར་ཕྱིར་གཏོང”སོགས་ཀྱི་རིམ་སྤེལ་བྱེད་སྒོ་མུ་མཐུད་སྤེལ་ནས་རྒྱལ་ཁབ་ཁག་གི་སྤུས་ལེགས་ཚོང་ཟོག་ཀྲུང་གོའི་ཁྲོམ་རར་འདོན་པའི་ནུས་ཆེའི་བགྲོད་ལམ་གཏོད་རྒྱུ་ཡིན།
——ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་མདུན་ལམ་ཆེན་པོ་ལྡན་པའི་འཕེལ་རྒྱས་ཀྱི་བར་མཐོངས་མཁོ་འདོན་བྱ་རྒྱུ་ཡིན། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་ལྗང་མདོག་ཕྱོགས་སྒྱུར་བྱེད་པ་ནི་ཀྲུང་གོའི་དཔལ་འབྱོར་གྱི་འགག་རྩའི་བྱ་ཐབས་ཤིག་ཡིན། ཀྲུང་གོའི་གཞི་ཁྱོན་ཆེས་ཆེ་བའི་གསར་གཏོད་ཚོད་ལྟའི་ར་བས་ལག་རྩལ་གསར་ཤོས་དེ་ལྗོངས་རྣམ་དངོས་ཀྱི་ཁྲོད་དུ་ཞིབ་དཔྱད་དང་རིམ་འཇུག་ཞུན་བརྡར་བྱེད་དུ་བཅུག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་ལ་རྒྱུན་མཐུད་འགྱུར་བར་བྱེད་བཞིན་ཡོད། ཀྲུང་གོས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་བསྐྲུན་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ། འབྱུང་འགྱུར་ཐོན་ལས་ལ་སྔོན་དཔག་བཀོད་སྒྲིག་བཅས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གོ་ལ་ཧྲིལ་པོའི་ཁེ་ལས་ཀྱིས་ལག་རྩལ་གསར་གཏོད་དང་འཕེལ་རྒྱས་སྟོབས་ཆེར་གཏོང་བར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱ་རྒྱུ་ཡིན།
——ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་ཕན་ཚུན་སྐུལ་འདེད་དང་མཉམ་སྐྱོད་ཀྱི་མཉམ་ལས་ཁོར་ཡུག་མཁོ་འདོན་བྱ་རྒྱུ་ཡིན། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་རྡབ་རྡེག་མདུན་དུ་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། འཛམ་གླིང་གི་དཔལ་འབྱོར་འཕར་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་བརྟན་པོའི་རང་བཞིན་དང་གཏན་འཁེལ་རང་བཞིན་བསྣན་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་གཉིས་ཕན་བྱེད་པའི་ཀྲུང་གོའི་ཆོད་སེམས་ལ་འགྱུར་ལྡོག་འགྲོ་མི་སྲིད་པར། གོ་ལ་ཧྲིལ་པོའི་ཁེ་ལས་ཀྲུང་གོར་ཡོང་ནས་མ་འཇོག་ལས་གཏོད་བྱ་རྒྱུར་སྔར་བས་བརྟན་ལྷིང་དང་སྔར་བས་སྔོན་དཔག་ཐུབ་པའི་ཁོར་ཡུག་བཟང་པོ་མཁོ་འདོན་བྱ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ནི་ང་ཚོ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་གནམ་ས་ཞིག་ཡིན་ལ། དཔུང་པ་མཉམ་གཤིབ་ཀྱིས་མཉམ་ལས་བྱེད་པའི་གར་སྟེགས་ཤིག་ཀྱང་ཡིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་བཟོ་ཚོང་ལས་རིགས་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་གསར་གཏོད་ཀྱི་དོན་གཉེར་མཁན་ཡིན། ཚང་མ་མུ་མཐུད་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་གི་ཡིན། ང་ཚོས་ལག་གདང་སྦྲེལ་ཏེ་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། གསར་གཏོད་ལ་བརྟེན་ནས་འཕར་སྣོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མཉམ་ལས་ལ་བརྟེན་ནས་མཉམ་སྤྱོད་ཀྱི་བདེ་སྐྱིད་དོན་གཉེར་བཅས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འོད་སྟོང་འབར་བའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས།
ཆི་ལིའི་ཙུང་ཐུང་ཁཱ་སི་ཐེ་དང་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་སོགས་ཕེབས་ཡོད་པ་རེད།
ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་། ཧོང་ཁུན་མིང་། ཝང་ཞའོ་ཧུང་སོགས་ཞུགས་ཡོད་པ་རེད།
(དམ་ཆོས་མི་ཕམ་དང་བསྟན་བློས་སྒྱུར་ཞུས་བྱས)