ཤིན་ཧྭ་གསར་འགྱུར་ཁང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ་རེད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་ཞིག་རེད་ལ། 《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ་25འཁོར་བའི་ལོ་ཞིག་ཀྱང་རེད། ཀྲུང་ཨུའི་འབྲེལ་བ“དྲག་ཆར་རླུང་འཚུབ་འཕྲད་ཀྱང་བྲག་ལྟར་བརྟན་པ”དང“མིག་རྒྱང་རིང་པོས་བྱ་དངོས་ཀུན་ལ་ལྟ”ཞེས་པ་ལྟར་ཡིན་པས་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་མཁོ་འདོན་བྱས་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པ། ཁ་དན་ཚིག་ལ་གནས་ཤིང་ལ་རྒྱ་སྲུང་བ། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས་ཕྱོགས་གཉིས་པོས་གསར་འབྱེད་ཡར་བརྩོན་གྱི་གསོན་ཤུགས་ནམ་ཡང་རྒྱུན་འཁྱོངས་བྱས་ནས་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བའི་གཏིང་ཤུགས་དང་ནང་དོན་རྒྱུན་ཆད་མེད་པར་སྔོག་འདོན་བྱེད་དགོས། ཏན་ཏན་ཏིག་ཏིག་གིས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་ཆེན་པོར་ལྡན་དགོས་པའི་འགན་འཁྲི་དང་འགན་སེམས་བརྟན་པོ་འཆང་བཞིན་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་བཟོའི་སྒྲིག་གཞི། དམག་དཔུང་། ཏང་དབར་གྱི་འགྲོ་འོང་བཅས་ཀྱི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ནུས་ལྡན་ཐུབ་པར་འགན་ལེན་བྱེད་དགོས། ཀྲུང་ཨུའི་དངོས་སྒྲུབ་མཉམ་ལས་ལ་ཕན་ཚུན་ཡིད་ཆེས་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་། འཕེལ་རྒྱས་དང་དར་རྒྱས་ཀྱི་ཐུན་མོང་གི་དམིགས་ཚད། གཉིས་ཁེ་གཉིས་ཕན་གྱི་རྩ་བའི་གཏན་ཚིགས་བཅས་ལྡན་པས། ད་ཡོད་ཀྱི་མཉམ་ལས་ལེགས་སུ་དང་སྟོབས་ཆེར་བཏང་ནས་གསོག་འབོར་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། དེ་བས་བརྟན་ལ་སྔོན་དཔག་ཐུབ་པའི་མ་འཇོག་དང་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་ཨུའི་འཕེལ་རྒྱས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལས་སྟེགས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཚུད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཁྱིམ་ཚང་ཆེ་མོ་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དར་རྒྱས་གོང་འཕེལ་གྱི་ཇུས་ཆེན་མཉམ་དུ་འགོད་པ་དང་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་གཏོད་འདོད་ཡོད།
ཕུའུ་ཅིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བདེ་བླག་ངང་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། ད་ལོ་ཚུན་དུ་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་གྲུབ་འབྲས་གཟེངས་སུ་ཐོན་པའི་ཐུག་འཕྲད་ཐེངས་བཞི་བྱས་ནས་ཨུ་ཀྲུང་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་བཏང་བ་དང་། ཕྱོགས་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་བྱེད་ཟབ་ཏུ་ཕྱིན་པ། ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་སླར་ཡང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་བ། ཨུ་ཀྲུང་གི་སློབ་གསོའི་བརྗོད་དོན་གཙོ་བོའི་ལོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་སྐུལ་འདེད་ཤུགས་ཆེན་ཐེབས་པ་བཅས་བྱུང་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱབ་རྟེན་གྱི་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཉམས་མྱོང་ཕྱོགས་སྡོམ་དང་འབྱུང་འགྱུར་ལ་འཆར་འགོད་བྱེད་པ། ཚོང་དོན་དང་། ནུས་རྒྱུ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་བདེ་སྐྱིད་སྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྲེན་ཀྲེན་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་རྒྱས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་བ། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་འདོན་འདོད་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
(རིག་རྡོར་གྱིས་བསྒྱུར། བསྟན་བློས་ཞུས)