ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། ཀུན་ལ་ཕན་པ་ཐོབ་པ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ། ས་མཐོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་རྒྱུན་མཐུད་བཏང་བ་དང་། གཞུང་བཙུགས་ཐ་སྐྱོང་སྒྲིག་གཞི་དང་། སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ས་ཚིགས། སྤྱི་ཚོགས་ཅན་གྱི་ལུས་གསོ་ཞབས་ཞུའི་འཐབ་ས་བཅས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། ཁྱད་ལྡན་རྒན་གསོའི་ཞབས་ཞུའི་ས་ཚིགས་ཁག་གཅིག་བཙུགས་ཏེ་ཕན་འབྲས་ཐོན་པར་བྱས་ནས་ས་མཐོའི་རྒན་རྒོན་ཚོར་རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་སྤྲོ་སྐྱིད་གཏོང་རྒྱུ་ཡོད་པ། རྒས་དུས་བློ་སེམས་བདེ་བ་བཅས་ཡོང་བར་བྱས་ཡོད།
ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དེ་ཉིད་གྲོང་ཁྱེར་རིམ་པའི་གཞུང་བཙུགས་རྒན་གསོ་ཐ་སྐྱོང་གི་འཐབ་ས་ཞིག་ཡིན་པའི་ངོས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་དང་། མི་ཧྲེང་རྒན་རྒོན། ནུས་པ་ཆ་ཚང་དང་ཕྱེད་ཙམ་ཤོར་བ་བཅས་ཀྱི་རྒན་རྒོན་ལ་དམིགས་ནས་སྡོད་གནས་སུ་ལྟ་སྐྱོང་དང་། སྨན་བཅོས་སྐོར་སྲུང་། སེམས་གསོ། རིག་གནས་ལུས་རྩལ་བྱེད་སྒོ་སོགས་ལེ་ལག་ཚང་བའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་སྟེ། ཚད་ལྡན་ཅན་གྱི་དོ་དམ་དང་མི་ཆོས་དང་མཐུན་པའི་ཞབས་ཞུ་གཉིས་ཀར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད།
ལས་དོན་པས་རྒན་རྒོན་གྱི་རྒྱུན་གཏན་འཚོ་བར་ལྟ་རྟོག་ཡག་པོ་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་བདེ་ཐང་ལྟ་ཞིབ་ཚད་ལེན་དང་། སྙིང་གཏམ་ཤོད་རེས་དང་རོགས་པ་བྱེད་པ། དུས་ཆེན་ལ་འཚམས་འདྲི་ཞུ་བ་བཅས་བྱས་ནས། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཚོགས་སྤྱིར་སེམས་ནུས་ཡོད་རྒུས་ལྟ་སྲུང་བྱས་པས། ལྗོངས་ཡོངས་ཀྱི་གཞུང་བཙུགས་ཕན་བདེའི་སྒྲིག་གཞི་ཚད་ལྡན་ཅན་དུ་གཉེར་སྐྱོང་བྱ་རྒྱུར་དཔེ་མཚོན་མཁོ་འདོན་བྱས་ཡོད།
མལ་གྲོ་གུང་དཀར་རྫོང་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་རྫོང་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་ནས“གྲོང་ལྷན་ནས་ཁ་བྲལ་མི་དགོས་པར་རང་ཡུལ་དུ་རྒན་གསོ་ཐུབ་པའི”འདུ་ཤེས་ལག་ལེན་བསྟར་ཏེ་སྒོ་འགྲམ་དུ་རྒན་གསོའི་ས་ཚིགས་བཙུགས་ཡོད་ཅིང་། ལྟེ་གནས་སུ་བདེ་ཐང་བརྟག་དཔྱད་དང་། ལུས་གསོ་སྨན་བཅོས། སྤྲོ་གསེང་རིག་གནས་རོལ་རྩེད་སོགས་ཀྱི་ཞབས་ཞུ་གཅིག་ཏུ་བསྡུས་ནས་རྒན་རྒོན་གྱི་འཚོ་བའི་དགོས་མཁོ་དང་བསམ་པའི་དགོས་མཁོ་སྐོང་གང་ཐུབ་བྱས་ཏེ། རྒན་གསོའི་ཞབས་འདེགས་ཧུར་ཐག་ཞུས་ནས་ལྗོངས་ཡོངས་ཀྱི་རྫོང་ཁོངས་སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་བྱེད་སྟངས་ལ་གསོན་ཉམས་དོད་པའི་མ་དཔེ་མཁོ་འདོན་བྱས་ཡོད།
ལྷ་ས་དབུ་དཀར་དྲོ་སྐྱིད་ཞབས་ཞུའི་ས་ཚིགས་ཀྱིས་བདེ་ཐང་ལུས་གསོའི་ཐོན་ཁུངས་སྤུས་ལེགས་སྡེ་ཁུལ་དུ་སྤྱོད་རྒྱུར་སྐུལ་འདེད་བཏང་ནས་ས་མཐོའི་རྒན་རྒོན་ཚོར་གཅོང་ནད་དང་རུས་ཚིགས་ཀྱི་ནད་གཞི་ཐོན་མང་བའི་ཁྱད་ཆོས་ལ་གཞི་ཚུགས་པ་དང་། བོད་ལུགས་གསོ་རིག་གི་བདེ་ཐང་ལུས་གསོ་དང་ཕྱི་ལུགས་གསོ་རིག་གི་ཞབས་ཞུ་མཉམ་འདྲེས་བྱེད་པ། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ་ཕྱོགས་ནས་ནད་བརྟག་སྨན་བཅོས་དང་། ལུས་གསོ་ལྟ་སྐྱོང་། བདེ་ཐང་གི་དྲིལ་བསྒྲགས་སློབ་གསོ་སོགས་དམངས་ཕན་ཞབས་ཞུ་མཁོ་འདོན་བྱས་ནས། བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྡེ་ཁུལ་གྱི་བདེ་ཐང་ལུས་གསོའི་རྣམ་པ་གཏོད་དེ་ལྗོངས་ཡོངས་ཀྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུ་ཕུན་སུམ་ཚོགས་སུ་བཏང་ཡོད།
སྟག་རྩེ་ཆུས་གསེར་ལོ་རྒན་གསོ་ཁང་གིས་ཤང་དང་གྲོང་རྡལ་གྱི་འཐབ་ས་དང་པོར་གཞི་ཚུགས་པ་དང་། ཤང་དང་གྲོང་རྡལ་གྱི་ལོ་ན་མཐོ་བ་དང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ཕྱོགས་ནས་རྒྱུན་གཏན་གྱི་ལྟ་རྟོག་དང་། དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད། བསམ་པའི་གཅེས་སྐྱོང་སོགས་ཀྱི་རྨང་གཞིའི་ཞབས་འདེགས་ཡག་པོ་ཞུས་པ། སྡོད་གནས་ཁོར་ཡུག་ལེགས་སུ་རྒྱུན་མཐུད་གཏོང་བ། རྒན་རྒོན་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས། ཤང་དང་གྲོང་རྡལ་གྱི་རྒན་གསོའི་ཞབས་ཞུའི་རྨང་གཞི་བརྟན་དུ་དང་གྲོང་གསེབ་ཀྱི་རྒན་གསོའི་ཞན་ཆ་སེལ་ཐུབ་པ་བྱས་ཡོད།
མིག་སྔར། རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཐོན་ཁུངས་སྤྱི་འདོམས་རྒྱུན་མཐུད་བྱས་ཏེ། ཐ་སྐྱོང་འགན་ལེན་དང་། སྡེ་ཁུལ་གྱི་ཀུན་ཕན། ཁྱད་ལྡན་ལུས་གསོ་བཅས་ཀྱི་སྣ་མང་ཞབས་ཞུའི་རྣམ་པ་འཐུས་སྒོ་ཚང་དུ་བཏང་ནས། བོད་ལུགས་གསོ་རིག་གི་ལུས་གསོ་དང་། ཐག་ཉེ་སར་རྒན་གསོ། རིག་ལྡན་རྒན་གསོ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ཞིང་། སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་གཅིག་མཇུག་གཉིས་མཐུད་དོན་འཁྱོལ་བྱུང་བ་དང་། རྒན་གསོའི་འཐབ་ས་ཚང་མའི་སྤུས་ཚད་ལེགས་སུ་རྒྱུན་ཆད་མེད་པར་ཕྱིན་པ། རྒན་བཀུར་རྒན་གཅེས་ཀྱི་ལས་དོན་གངས་ལྗོངས་ས་མཐོར་སྤེལ་ནས་ས་མཐོའི་རྒན་གསོའི་བདེ་སྐྱིད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།