《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年11月20日

ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་མཇལ་འཛོམས་གནང་བ།

འདི་ནི་ཟླ་11ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་མཇལ་འཛོམས་གནང་བ་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧན་རྒྱལ་ཁབ་གཉིས་ནི་མཛའ་གྲོགས་ཁྱིམ་མཚེས་དང་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན། རྒྱལ་ཁབ་གཉིས་པོའི་རྒྱལ་བབ་མི་འདྲ་ཡང་མི་དམངས་ལ་བདེ་རྩ་སྐྲུན་པའི་དམིགས་ཡུལ་གཅིག་མཚུངས་རེད། སང་ལོ་ནི་ཀྲུང་གོ་དང་ཧན་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བའི་ལོ་ཞིག་ཡིན་པས། ཕྱོགས་གཉིས་པོས་དེ་ཉིད་གོ་སྐབས་སུ་བྱས་ཏེ། ཉམས་མྱོང་ཕྱོགས་སྡོམ་དང་འབྱུང་འགྱུར་འཆར་འགོད་བྱས་ནས་ཀྲུང་གོ་དང་ཧན་གོའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ལེགས་པ་སྐྲུན་དགོས། ཕྱོགས་གཉིས་པོས་འཐབ་ཇུས་རང་བརྟེན་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་སྲུང་སྐྱོང་ཡག་པོ་བྱས་ནས། ཀྲུང་ཧན་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་ཡོང་བར་བྱེད་དགོས། རྒྱལ་ཁབ་གཉིས་པོའི་སྲིད་ཏང་དང་། སྲིད་གཞུང་། ཁྲིམས་བཟོ་སྒྲིག་གཞི་བཅས་ཀྱིས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆོག ཀྲུང་གོ་དང་ཧན་གོས་ངོ་བོའི་རང་བཞིན་ལྡན་པའི་སྒོ་ནས་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་དུས་མཚམས་གཉིས་པའི་གྲོས་མོལ་ལེགས་སྒྲུབ་བྱས་པ་དེ་ནི་གཉིས་ཁེ་གཉིས་ཕན་གྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གང་ལེགས་སྤྱད་དེ་གཞི་ཆེའི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་མི་ཐབས་རིག་ནུས་སོགས་གསར་དར་ཚན་རྩལ་ཐོན་ལས་ཀྱི་མཉམ་ལས་ཁོར་ཡུག་སྐྱེད་སྲིང་བྱས་ནས། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་མི་སྣའི་དབར་གྱི་འགྲོ་འོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། སྐྱོན་བྲལ་ཕན་ཡོད་ཀྱི་རིག་གནས་སྤེལ་རེས་རིམ་པས་གོང་སྤེལ་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་དང་ཟང་ཟིང་ཆེ་ཡང་། ཀྲུང་གོ་དང་ཧན་གོ་ཕྱོགས་གཉིས་ནི་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་གི་ཁེ་ཕན་ཐོབ་མཁན་རེད། ཕྱོགས་གཉིས་པོས་ཕྱོགས་མང་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ཐུན་མོང་ཐོག་ལག་ལེན་བསྟར་བ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་ཤར་གཏོང་བརྟན་པོ་ཐུབ་པར་སྲུང་སྐྱོང་བཅས་བྱས་ནས། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་དགོས།

ལི་ཙའེ་མིང་གིས་གསུངས་དོན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་སྣེ་ཁྲིད་འོག ཧན་གོ་དང་ཀྲུང་གོའི་འབྲེལ་བ་ཕྱོགས་ཡོངས་ནས་སླར་གསོ་ཐུབ་པའི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་པ་དང་། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་མགྱོགས་མྱུར་འཕར་བ། མི་སྣ་འགྲོ་འོང་ཟབ་ཏུ་ཕྱིན་པ། ཕན་ཚུན་ངོས་འཛིན་ལེགས་སུ་རྒྱུན་ཆད་མེད་པར་ཕྱིན་པ་བཅས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་ལ་འགྱུར་ལྡོག་གཏོང་མྱོང་མེད་ལ་གཏོང་ཡང་མི་སྲིད། སང་ལོ་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བའི་ལོ་ཡིན་པ་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། ཚོང་དོན་དང་། མ་འཇོག ཐོན་སྐྱེད་མཁོ་སྤྲོད་འཁོར་སྦྲེལ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དེ་བས་འཐུས་སྒོ་ཚང་བའི་ཧན་ཀྲུང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་བདེ་བླག་འཁུར་བར་རྟེན་འབྲེལ་ཞུ་རྒྱུ་མ་ཟད་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡིན་ལ། ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཐུན་མོང་དར་རྒྱས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།

ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།

(ཉི་དོན་དང་པ་ཕན་གྱིས་སྒྱུར་ཞུས་བྱས)