ལོ་64ལ་སླེབས་པའི་ཚེ་རིང་ལྷ་མོ་ནི་2026ལོར་གནམ་གྲུར་སྡོད་ཐེངས་དང་པོ་ཡིན་ལ། ས་མཐོ་ནས་ལྗོངས་ཕྱིར་སྐྱོད་ཐེངས་དང་པོའང་ཡིན་ཞིང་། མི་ཚེ་ཕྱེད་ཀ་ཙམ་བླངས་པའི་གཞས་ཆེན་རྒྱལ་ཡོངས་ཀྱི་གར་སྟེགས་ཆེན་པོར་ཐེངས་དང་པོ་བཏང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།
2026ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་གྲོང་ཚོའི་གླུ་གཞས་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་དེ་ད་ལོའི་ཟླ་10པའི་ཟླ་སྟོད་དུ་ཉིང་ཞ་རུ་འཚོགས་པ་དང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་ལ་སྒང་གྲོང་ཚོའི་ཞིང་འབྲོག་པའི་འཐུས་མི་རུ་ཁག་གིས་གསར་རྩོམ་བྱས་པའི་གླུ་གར《འོང་སྐོར་དགའ་གཏོང》ཞེས་པ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ལེ་ཚན་གྱི་འགྲན་བསྡུར་ཁྲོད་འབུར་དུ་ཐོན་ཏེ་རྒྱལ་ཡོངས་ཀྱི་མཐའ་བསྡུར་ནང་ཨང་དང་པོ་ཐོབ་པ་རེད།
རུ་ཁག་ནང་གི་རུ་མི་27ཡོད་པ་དེ་དག་ཆེད་ལས་ཀྱི་འཁྲབ་སྟོན་པ་མིན་ཡང་། ཁོང་ཚོས་བོད་ཀྱི་ལོ་ལེགས་ཀྱི་རྣམ་པ་དང་། ཡུལ་སྲོལ་གོམས་གཤིས། མི་ཆོས་རིག་གནས་བཅས་གླུ་རུ་བླངས་པར་མི་མང་པོའི་ཡིད་དབང་འཕྲོག་ཡོད། ཚེ་རིང་ལྷ་མོ་དང་རུ་མི་ཚོར་མཚོན་ན། ལྗིད་ཏིག་ཏིག་གི་མཚན་སྙན་དེ་ལྟ་བུ་ཐོབ་པ་ནི་རི་ཁུག་ནས་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱེད་པ་མཚོན་ལ། ཕ་ཡུལ་གྱི་ཆེད་དུ་ཕུགས་འདུན་དོན་གཉེར་བྱས་པ་ཞིག་ཀྱང་ཡིན།
ད་ལོའི་ཟླ་བརྒྱད་པར། 2026ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་གྲོང་ཚོའི་གླུ་གཞས་འགྲན་བསྡུར་ཆེན་པོ་གཉེར་རྒྱུ་ཡིན་པ་ཤེས་སྐབས། ཡུལ་མི་ཡོངས་ཀྱིས་བསམ་དོན་འགྲུབ་པའི་གོ་སྐབས་ཤིག་མཐོང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྤྱི་འདོམས་སྐུལ་འདེད་འོག་ལ་སྒང་གྲོང་ཚོར་འགྲན་ཞུགས་ཀྱི་ཐོབ་ཐང་བདེ་བླག་ངང་རག་ཡོད།
གྲོང་ཚོ་ཡོངས་སུ་འཇོལ་མོར་གྲགས་པའི་ཚེ་རིང་ལྷ་མོས་འགྲན་བསྡུར་ལ་ཞུགས་རྒྱུའི་མིང་ཐོ་ཐོག་མར་བཀོད་ཅིང་། མ་གཞི་ལོ་དྲུག་ཅུ་ཡོལ་ཡང་ཁོང་གིས་འགན་འཁྲི་ལྕི་པོ་ཁུར་བ་མ་ཟད། ཡུལ་མི་སྔར་བས་མང་བ་རུ་ཁག་ལ་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་རེད།
ལ་སྒང་གྲོང་ཚོས་དེ་གའི་གཉེན་སྟོན་དང་འོང་སྐོར་གཏོང་རིང་མི་རབས་ནས་མི་རབས་བར་འཁྲབ་པའི་ཁྱད་ཆོས་ལྡན་པའི་གཞས་ཆེན་ལ་གཞི་བཅོལ་ནས་ཆེད་ལས་དགེ་རྒན་གྱིས་མཛུབ་ཁྲིད་དང་ཞུན་བརྡར་བྱས་ཏེ་མཐར་འགྲན་ཞུགས་གླུ་གར《འོང་སྐོར་དགའ་གཏོང》གསར་རྩོམ་བྱས་པ་རེད།
གྲོང་ཚོའི་སྒྱུ་རྩལ་པ་རྒན་གྲས་ཀྱིས་གར་སྟེགས་ཐོག་སྣེ་ཁྲིད་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་བླངས་པའི་ཁར་རིམ་ཁག་སྡེ་ཚན་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བརྟེན་རུ་ཁག་གི་འཁྲབ་སྟོན་བྱེད་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། རུ་མི་ཚང་མ་ཞིང་འབྲོག་པ་ལས་གྲུབ་པའི་རུ་ཁག་དེས་དུས་ཐུང་ཟླ་བ་གཅིག་རིང་ནང་སྦྱོང་མཐར་ཕྱིན་པ་བྱས་པ་དང་ས་ཡུལ་དངོས་ལ་ཐོག་མའི་འགྲན་བསྡུར་བྱས་མཐར། ད་ལོའི་ཟླ་དགུ་པར་ཁྲུང་ཆིང་གི་ཆན་ཅང་དུ་བསྐྱོད་ནས་ནུབ་རྒྱུད་འགྲན་ཁུལ་ཆེན་པོར་བདེ་བླག་ངང་ཞུགས་ཐུབ་ཡོད།
ནུབ་རྒྱུད་འགྲན་ཁུལ་ཆེན་པོར་རུ་མི་ཚོས་ས་གནས་ཁག་ནས་ཡོང་བའི་ཕུལ་བྱུང་རུ་ཁག་དང་དཔུང་པ་མཉམ་གཤིས་ཀྱིས་འགྲན་བསྡུར་བྱས་པ་དང་། གླུ་གར་འཁྲབ་སྟོན་ལ་བརྟེན་ནས་ས་མཐོའི་སོ་ནམ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ངོམ་པས། མཐར་སྐར་མ་0.4ཡི་ཧེ་བག་ལས་མེད་པར་ཨང་གཉིས་པ་བླངས་ཏེ་རྒྱལ་ཡོངས་ཀྱི་མཐའ་བསྡུར་ལ་ཚུད་པ་རེད།
ཉིང་ཞ་རུ་མཐའ་བསྡུར་བྱེད་པར་ཉིན་20ལྷག་ཙམ་ལས་མེད་པའི་སྐབས། ཚོགས་པས་རུ་ཁག་སྟོབས་ཆེའི་དགེ་མཚན་དང་བསྡུར་ཏེ་ལེ་ཚན་རྩོམ་སྒྲིག་ནང་སྦྱོང་ལེགས་བཅོས་ཐེངས་མང་བྱས་པ་མ་ཟད་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་སུ་བཏང་བ་དང་། འཁྲབ་སྟོན་ལ་ཞུགས་མཁན་ཐོག་མའི་མི་17ནས་27བར་མང་དུ་བཏང་བས་ལེ་ཚན་གྱི་གར་སྟེགས་ཀྱི་མཚོན་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།
མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད་ཅེས་པ་ལྟར་མཐའ་བསྡུར་བྱ་ཡུལ་དུ《འོང་སྐོར་དགའ་གཏོང》གིས་ཀུན་གྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོགས་ནས་ཨང་གཉིས་པ་ལས་སྐར་གྲངས་གསུམ་གྱི་མཐོ་བའི་གྲུབ་འབྲས་ཐོབ་ཅིང་། ལ་སྒང་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཝང་ཐིང་གིས“ཨང་དང་པོའི་གཟི་བརྗིད་མཚན་སྙན་དེར་གར་སྟེགས་རྒྱབ་མདུན་གྱི་མི་ཚང་མའི་སེམས་ནུས་འདུས་ཡོད། གལ་སྲིད་མི་གཅིག་ལུས་ནའང་ད་རེས་ཀྱི་གྲུབ་འབྲས་ལྗིད་ཏིག་ཏིག་འདི་འདྲ་ཐོབ་མི་སྲིད”ཅེས་བཤད།
སྙན་འཇེབས་ལྡན་པའི་གཞས་ཆེན་གྱིས་རི་གྲོང་གི་མཛེས་སྡུག་ཡོངས་སུ་མངོན་པར་བྱས་ཏེ། གངས་ལྗོངས་ས་མཐོར་གྲོང་ཚོ་འདིས་ལོ་ལེགས་དང་། བདེ་སྐྱིད། རེ་བ་བཅས་དབྱངས་རྟ་ལ་བསྒྲོན་པའི་གྲོང་ཚོའི་གླུ་གཞས་སྙན་པོ་ཞིག་བརྩམས་པ་དང་རྩོམ་བཞིན་པ་མི་དེ་བས་མང་བས་ཤེས་རྟོགས་བྱུང་ཡོད།
(པ་སངས་ཚེ་རིང་གིས་བསྒྱུར། པད་ཆོས་དང་པ་ཚེས་ཞུས)