འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་སྔ་དྲོར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཧོང་ཤང་ཧོའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད། སྙན་ཞུའི་ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུའི་རྣམ་པ་ནས་འཚོགས་ཤིང་། གཞིས་རྩེ་གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་། རྫོང་དང་། ཆུས། ཤང་དང་གྲོང་རྡལ་ཁག་ཏུ་ཡན་ལག་ཚོགས་ར་301བཙུགས་པར་ཚོགས་འདུར་ཞུགས་མཁན་མི་གྲངས་ཁྱོན་4777ཡོད་པ་རེད།
སྒྲོག་འགྲེལ་གནང་རིང་ཧོང་ཤང་ཧོའེ་ཡིས《རང་ངོས་གསར་བརྗེར་བརྟེན་ནས་རྒྱང་ལམ་གསར་པར་སྣེ་ཁྲིད་བྱེད། ལྷག་བསམ་རྣམ་དག་དང་དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་གསར་པ་འཁུར》ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》སློབ་སྦྱོང་ལག་བསྟར་བྱེད་པར་དམ་པོར་དམིགས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་གཞི་རྩའི་གནས་ཚུལ་དང་། ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གིས་ཚང་འཛོམས་གྲོས་ཚོགས་ལ་བཏོན་པའི་བསམ་འཆར་དང་གདེང་འཇོག 《ཆོད་དོན》གྱི་འཆར་ཟིན་འགོད་པ་དང་ཁྱད་ཆོས་གཙོ་བོ་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་བརྒྱུད་རིམ་ལྡན་པར་གསེད་བཀྲོལ། ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་དོན་གཏན་འཁེལ་བྱེད་པའི་འཐབ་ཇུས་ཀྱི་བསམ་གཞིག་རྒྱས་བཤད་གཏིང་ཟབ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གལ་ཆེན་གཙོ་གནད་ཐོག་གསལ་འགྲེལ་བཅས་གནང་བ་རེད།
ཧོང་ཤང་ཧོའེ་ཡིས་སྒྲོག་འགྲེལ་གནང་རིང་། ཏང་ཀྲུང་དབྱང་གིས་བཏོན་པའི་བརྡར་གཅོད་གལ་ཆེན་དང་དཔེ་བསྡུར་གྱིས་བོད་ཀྱི་དམིགས་བསལ་གནས་ཚུལ་ལ་གཞི་ཚུགས་སྐབས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ང་ཚོའི་ལས་འགན་ལ་དམིགས་བསལ་གྱི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ལྡན་ཡོད་ཅེས་གསུངས་ཤིང་། ཁོང་གིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཏང་ལ་དོ་དམ་མམ་ཏང་བཅོས་སྐྱོང་དང་བོད་དར་རྒྱས་སམ་བརྟན་ལྷིང་གི་བྱ་སྤྱོད་དངོས་ལ་སྒྱུར་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཉམས་མྱོང་གཏིང་ཟབ་སྤྱོད་པ། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས། འགན་འཁྲི་དང་ལས་འགན་ལ་དམིགས་པ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་ཁྲིད་སྟོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་གསུངས་པ་རེད།
(བསྟན་བཟང་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)