ཤིན་ཧྭ་གསར་འགྱུར་ཁང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་པའོ་ཨན་རྒྱལ་སྤྱིའི་གནམ་ཐང་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུར་ཕེབས་བསུ་ཞུས་པ་རེད།
མགྲོན་བསུའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་གིས་ཐེ་རོན་ཕུ་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་དང་། དམག་གསུམ་གཟབ་སྦྲེང་རུ་ཁག་གིས་མེ་མདའ་བཏེགས་ནས་གུས་ལུགས་ཞུས་པ། ལོ་ཆུང་བྱིས་པས་ཐེ་རོན་ཕུར་མེ་ཏོག་ཕུལ་བ་རེད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ། དམག་འཐབ་གནམ་གྲུ་འཕུར་ནས་གུས་ལུགས་མཚོན་པ་བཅས་བྱས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཞོན་ནུའི་དགའ་བསུའི་རུ་ཁག་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཞུས་པ་རེད།
ཞི་ཅིན་ཕིང་གིས་ད་ལོའི་ཟླ་9པར་ངས་ཨ་རིར་འཚམས་འདྲི་བྱེད་སྐབས། ཙུང་ཐུང་ཐེ་རོན་ཕུ་སྟངས་དཔྱལ་ཆེད་མངགས་གནམ་ཐང་དུ་ཕེབས་བསུར་བཅར་བ་མ་ཟད་དགའ་བསུའི་མཛད་སྒོ་གཟབ་རྒྱས་འཚོགས་བྱུང་། ཀྲུང་གོ་ནི་གུས་ལུགས་ཟབ་པའི་རྒྱལ་ཁབ་ཅིག་ཡིན་པས་གུས་ལན་ཞུ་བའི་སྲོལ་རྒྱུན་བཟང་པོ་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ངས་ཁྱེད་ཉིད་སླར་ཡང་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་། ཁྱེད་དང་མཉམ་དུ་ཀྲུང་ཨའི་འབྲེལ་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས། འཛམ་གླིང་གི་བཀོད་པ་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་ཞུས་ནས་བརྩི་འཇོག་དང་། དྲང་གཞག འདྲ་མཉམ་བཅས་རྨང་གཞིར་བྱས་པའི་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་འབྲེལ་བ་བརྟན་པོ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཐེ་རོན་ཕུས་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མ་གནམ་ཐང་དུ་ཕེབས་བསུར་བཅར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱི་དམིགས་བསལ་བཀོད་སྒྲིག་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རླབས་ཆེན་གྱི་ཀྲུང་གོར་སླར་ཡང་འཚམས་འདྲིར་སླེབས་པར་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་གཙོ་འཛིན་ཞིག་ཡིན་པས་ཁོང་དང་ཐུག་འཕྲད་འབྱུང་རིམ་བཞིན་ཧ་ཅང་དགའ་པོ་འདུག ད་ཐེངས་ཀྱི་འཚམས་འདྲི་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྔར་བས་སྐུལ་འདེད་ཐེབས་ནས་ཐུགས་གྲ་ལེགས་འགྲིག་ཡོང་བའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་བཅས་ཕེབས་བསུར་བཅར་བ་རེད།
(ལྷག་ཚེས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)