《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年11月05日

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས་ཀྱི་ནང་དོན་གཙོ་བོ་ཤེས་པར་བྱེད།

ཚང་འཛོམས་གྲོས་ཚོགས་ཐོག་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ།

★དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་གྲུབ་འབྲས་རླབས་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་པ།

ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཧ་ཅང་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཧ་ཅང་ཆེན་པོར་བརྟེན་ནས། སྐབས་ཤིག་རིང་ཏང་གི་འགོ་ཁྲིད་ཞན་འགྱུར་ཟོབ་འགྱུར་ཉམས་འགྱུར་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་དེ་ནན་པོ་དང་། གནད་ལ་འཁེལ་པོ། ནུས་ལྡན་བཅས་མ་བྱུང་བ་དང་། ཏང་ནང་ཁུལ་གྱི་གནད་དོན་ཁག་གཅིག་མཐོང་བ་ཙམ་གྱིས་མི་རྣམས་ཧང་སངས་བར་གྱུར་པ་བཅས་ཀྱི་ཛ་དྲག་པའི་དོན་དངོས་ལ་ཐད་ཀར་གཏུགས་པ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། གྲི་དངོ་རང་གཏད། ཁྲིམས་བཙན་ཟིང་བཅོས། གནད་དོན་མངོན་གསལ་དོད་པོ་རྒྱུན་མཐུད་ངང་ཐག་གཅོད་བཅས་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ཁྲོད་ལྷག་པའི་ལྷུག་ལྷོད་མཉེན་གསུམ་གྱི་གནས་ཚུལ་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བཏང་བ་དང་། དུས་ཡུན་རིང་པོར་འགོག་མི་ཐུབ་པའི་སྤྱོད་ཚུལ་ངན་པ་འགའ་ཞིག་བཀག་པ། ལོ་མང་རིང་ཐག་གཅོད་མ་ཐུབ་པར་ལུས་པའི་རྙོག་འགལ་ཆེ་བའི་གནད་དོན་ཁག་གཅིག་ཡོ་བསྲང་བཅོས་སྒྲིག་བྱས་པ། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་སེལ་བ་བཅས་བྱས་པས། རང་རེའི་ཏང་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་ནས་དེ་བས་སྟོབས་ཆེ་དང་ནུས་ལྡན་དུ་གྱུར་ཡོད།

དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེས་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བས། ཏང་དང་མི་དམངས་ལ་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་ཐོབ་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།

དུས་རབས་གསར་པར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྱོང་བྱེད་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ནས། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་གྲུབ་ཡོད།

དགོངས་པ་འདིས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད་པ་དང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་འདི་ཉིད་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་དང་། ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད་ཅིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་བཅས་ཡིན་པས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།