འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཆབ་མདོ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞིང་ཆེན་དང་གྲོང་ཁྱེར་3གྱི་ཀྲུང་དབྱང་ཁེ་ལས་11གིས་བོད་སྐྱོར་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་ཞིང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་དང་བོད་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། འཚོལ་ཞིབ་ཧུར་ཐག་དང་། རྒྱུན་མཐུད་འབད་འཐབ། ཧུར་སྐྱེད་ཡར་བརྩོན་བཅས་བྱས་ཏེ། བློ་རྒྱ་ཆེན་པོ་དང་། ཁུར་ལེན་ཆེན་པོ།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) བྱས་རྗེས་ཆེན་པོ་བཅས་ལ་བརྟེན་ནས“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ཧུའུ་ཁྲང་ཧྲེང་གིས་ཆབ་མདོ་གྲོང་ཁྱེར་གྱི་ལས་དོན་ཁག་དང་ཞིང་ཆེན་དང་གྲོང་ཁྱེར་3གྱི་ཀྲུང་དབྱང་ཁེ་ལས་11གི་བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་འཐབ་ས་དང་པོ་བརྟན་སྲུང་དང་དཀའ་སྤྱད་འབད་འཐབ་བྱེད་མཁན་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཀྲུང་དབྱང་ཁེ་ལས། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
ཧུའུ་ཁྲང་ཧྲེང་གིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་ཞིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་ལ་གཙོ་གནད་ཐོག་ཞིབ་འཇུག་བྱས་པ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་སྤྱིའི་བཀོད་སྒྲིག་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ཡོད་པས། དོན་སྙིང་གལ་ཆེ་ལ་གཏིང་ཟབ་ལྡན་ཡོད། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་དང་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། ལས་ཁུངས་དང་། སློབ་གྲྭ ཁེ་ལས། ཞིང་འབྲོག་ཁུལ། སྡེ་ཁུལ། དགོན་སྡེ། དྲ་མིག་བཅས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་བྱེད་པར་སྐུལ་འདེད་གཏོང་བ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་ཡག་པོ་སྤེལ་བ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།
རང་འགུལ་ངང་བདེ་འཇགས་དང་བརྟན་ལྷིང་གཏོད་ཟབ་ཏུ་གཏོང་དགོས་ཤིང་། “གཅིག་འཕྱུགས་ན་ཐམས་ཅད་ཕུང་བའི”ཉེན་བརྡའི་དྲན་སྐུལ་དང“འཕྱུགས་པ་གཏན་ནས་མེད་པའི”ཞིབ་ཚགས་ལ་བརྟེན་ནས་ཉེན་ཁར་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་རྒྱུན་རྣམ་ཅན་གྱི་སྒོ་ནས་བྱེད་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པ། “འདུ་ཤེས་གསུམ”གྱི་སློབ་གསོ་རྒྱ་སྐྱེད་གཏིང་ཟབ་སྤེལ་བ། གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་བ། “མོས་སེམས་ལྔ”ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ཐུབ་པར་བྱེད་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ་དང་། མ་འཇོག་ནུས་ལྡན་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་ལག་ལེན་བསྟར་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་པ། ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་སྔོན་ཐོན་ལག་རྩལ་དང་ཐོན་ལས་གཞན་སྒྱུར་གོ་རིམ་ལྡན་པའི་ངང་དང་ལེན་བྱེད་པ། ནུས་རྒྱུ་གཙང་མའི་རྟེན་གཞི་ཧུར་ཐག་སྐྲུན་པ། གཏེར་ཁའི་ཐོན་ཁུངས་འབྱུང་འཕྲོད་རྩད་ཞིབ་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་གཏོད་དགོས།
དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་ཤུགས་རྒྱག་དགོས་ཤིང་། དངོས་པོའི་ཐོག་མ་འཇོག་དང་མི་སྐྱོང་ཐད་མ་འཇོག་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱེད་པ་དང་། “ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་བཅས་དང་། ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང”བཅས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། དམངས་བདེ་དམངས་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ། རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ། བྱ་བཟང་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པར་བྱེད་དགོས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ལན་སྤྲོད་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་ཡོང་བ་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ། འཁྱགས་རོམ་གྱི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁོངས་ཧྲིལ་པོའི“སྙིགས་མེད་གྲོང་ཁྱེར”སྐྲུན་རྒྱ་ཆེ་རུ་གཏོང་བ། སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ། སྐྱེ་ཁམས་དེ་ཉིད་མང་ཚོགས་ཀྱི“ལྗང་མདོག་དངུལ་ཁང”དུ་འགྱུར་བར་བྱེད་དགོས།
བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་དགོས་ཤིང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་སྟབས་བདེ་འཕྱུགས་མེད་དང་བདེ་འཇགས་བློས་འགེལ་ཆོག་པའི་འགྲིམ་འགྲུལ་དྲ་བ་སྐྲུན་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། གཞུང་ལམ་འགྲིམ་འགྲུལ་དང་། ལས་གྲྭའི་ཨར་སྐྲུན། ས་གཤིས་ཀྱི་གནོད་འཚེ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཆེད་དོན་བཅོས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་ནགས་ཚལ་གྱི་མེ་ཟོན་མེ་གསོད་ཀྱི་ལས་དོན་ཏན་ཏིག་སྤེལ་བ། འཕྲལ་སྡོམ་སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་འཕྲལ་སྡོམ་ནང་སྦྱོང་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་དངོས་འབྲེལ་ཐུབ་པར་བྱེད་དགོས།
ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་བསྡུར་ཏེ། ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་བཟོ་བ་དང་། “མཁར་རྫོང་འདུ་འགོད”འཛུགས་སྐྲུན་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་ནན་ཏན་སྤེལ་བ། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། རིམ་ཁག་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་ལ་གནད་སྨིན་ངང་མི་འདེམས་མི་སྤྱོད་བྱེད་པ་དང་། རང་འགུལ་ངང་སྤྱོད་གཙང་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་མཐུན་རྐྱེན་སྦྱོར་བ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པས་རྡོག་ཁྲེས་ཕབ་ནས་ལས་ཀར་ཞུགས་པ་དང་ལས་སྒྲུབ་ལས་གཏོད་ཐུབ་པར་བྱེད་དགོས། ལས་བྱེད་ལས་བཟོར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ནས་དངོས་ཡོད་དཀའ་ངལ་ཐག་གཅོད་ཡག་པོ་བྱེད་རོགས་བྱེད་དགོས།
ཧུའུ་ཁྲང་ཧྲེང་གིས་གསུངས་དོན། ཞིང་ཆེན་དང་གྲོང་ཁྱེར་3གྱི་ཀྲུང་དབྱང་ཁེ་ལས་11གིས་ཁ་གཏད་བོད་སྐྱོར་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། ཆབ་མདོ་ཉིད་རང་ཉིད་ཀྱི་ཕ་ཡུལ་དང་མང་ཚོགས་རང་ཉིད་ཀྱི་གཉེན་ཉེར་བརྩིས་ནས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཧུར་ཐག་ཞུགས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་འབྲེལ་ཟམ་ལྟ་བུའི་ནུས་པ་བཏོན་ཏེ་ཆབ་མདོའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་ཀྱི་ཤེས་ལྡན་པ་དང་། མ་དངུལ། ལག་རྩལ། ཁྲོམ་ར་བཅས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་བྱེད་པོས་མ་འཇོག་ལས་གཏོད་དང་གསར་གཏོད་ལས་གཏོད་བྱེད་པའི་ཡིད་དབང་འགུག་དགོས། བོད་ཀྱིས་ཐོན་ལས་བོད་སྐྱོར་ལ་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་ཤུགས་ཆེ་རུ་བཏང་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས།
ཧུའུ་ཁྲང་ཧྲེང་གིས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་གོ་རིམ་ལྡན་ལ་ནུས་ལྡན་ངང་སྐུལ་འདེད་གཏོང་བ་དང་སང་ལོའི་ལས་དོན་འཆར་འགོད་ཏན་ཏིག་བྱས་ཏེ། དངོས་སྒྲུབ་དང་དངོས་ཡོད་གྲུབ་འབྲས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་མི་རིགས་ཁག་གི་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་དང་། ཧོ་ལུའུ་ཁྲུན། ཀྲང་ལི། ཀྲུའུ་ཧྲོའུ་ཁོའོ་བཅས་ཞུགས་པ་རེད།
(པ་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)