《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年11月03日

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་གི་ཡིན།

——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་ལྔ་པའི་དགོངས་དོན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཟླ་10ཚེས་26ནས་29ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད།

“ཚང་འཛོམས་གྲོས་ཚོགས་ཀྱིས་ང་ཚོས་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཁག་ཡག་པོ་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཧྲི་ཡུས་ཀྱིས་བརྗོད་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་ལྟེ་བའི་ལས་དོན་ནང་མཉམ་འདྲེས་དང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི“གནད་འགག”ལ་དམ་འཛིན་བྱེད་པ། ཏང་ཨུད(ཏང་ཙུའུ)ཀྱིས་འགན་འཁྲི་གཙོ་བོ་དང་། འགན་འཁྲི་ཨང་དང་པོ། འགན་འཁྲི་ཡོངས་རྫོགས་འཁུར་བར་ལྕག་སྐུལ་བྱེད་པ། འགན་ནུས་སྡེ་ཚན་གྱིས་ལས་རིགས་དོ་དམ་དང་ལས་སྒོ་དོ་དམ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བར་ལྕག་སྐུལ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་དོ་དམ་ཚད་གཞི་ནན་དུ་གཏོང་བ་དང་། དོ་དམ་གྱི་འཁོར་འབྲེལ་སྣུར་སྲིང་བྱེད་པ། དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་གཏོང་བ་བཅས་ལ་ལྕག་སྐུལ་གཏོང་བ།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཏང་ཡོན་དང་ལས་བྱེད་པས་ཡོད་དགོས་པའི་དབང་ཆ་དང་འཁུར་དགོས་པའི་འགན་འཁྲི་སྒྲུབ་པར་ལྕག་སྐུལ་བཅས་བཏང་ནས་ཏང་ཡོངས་ཀྱིས་མཉམ་དུ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་ཡིན།

འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་རང་ངོས་ཀྱིས་དང་ཐོག་ཉམས་སད་ཐེག་ཐུབ་པ་བྱེད་དགོས། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཁང་བཅུ་པའི་ཀྲུའུ་རེན་ཏུང་ཞུའེ་ཧྥེ་ཡིས་བརྗོད་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་འགག་རྩ་ནི་ལས་གནས་ལ་གཞི་ཚུགས་ནས་དངོས་འཛིན་དངོས་སྒྲུབ་བྱེད་པར་ཐུག་ཡོད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཏང་གཤིས་དང་། ཏང་སྲོལ། ཏང་སྒྲིག་བཅས་ལ་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་བསྲུངས་ཏེ་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་བླང་བྱ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་པ་དང་། ཐོག་མཐའ་བར་གསུམ་དུ་གདོང་མཆོང་དུང་བརྡ་གཏོང་བའི་འཐབ་རྩོད་ཀྱི་ཉམས་འགྱུར་མཐའ་འཁྱོངས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁག་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་བྱ་སྤྱོད་དངོས་སུ་འགྱུར་བར་བྱས་ཏེ་ཏན་ཏིག་གི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཕན་འབྲས་ལ་བརྟེན་ནས་འགན་འཁྲི་འཁུར་ཕོད་པ་བྱ་རྒྱུ་ཡིན།

“ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གནས་བབ་ཨང་དང་པོར་བཞག་ནས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱས་ཏེ་གཞུང་ཁོངས་རྒྱུ་ནོར་ཁོངས་གཏོགས་སུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས”རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཧའེ་པོ་ཡིས་བརྗོད་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ནན་དཀྲི་བཅས་བྱས་ནས་ཏང་འཛུགས་སྐྱོང་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྲིད་གཙང་ཉེན་ཁ་དང་རྒྱུན་རྣམ་ཅན་གྱི་སྒྲིག་ཁྲིམས་དང་ཉེན་ཟོན་སྐོར་གྱི་སློབ་གསོ་གཏོང་བར་དམ་པོར་དམིགས་པ། དགོངས་གཞི་ནན་པོ་མཐའ་འཁྱོངས་ཀྱིས“རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིགཅན་གྱི་སྐུལ་འདེད་གཏོང་བ་དང་། གཞུང་ཁོངས་རྒྱུ་ནོར་ཁོངས་གཏོགས་ཀྱི་ཆབ་སྲིད་ཁོར་ཡུག་ལེགས་སུ་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱིས་གཙོ་འགན་གཙོ་ལས་ལ་གཞི་ཚུགས་རྒྱུར་ཁྲིད་སྟོན་དང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་ཀྱི་ཡིན།

ཚང་འཛོམས་གྲོས་ཚོགས་ཐོག“ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགག་རྩ་ནི་འགོ་ཁྲིད་ལས་བྱེད་པ་ནན་པོས་སྐྱོང་བར་ཐུག་ཡོད” ལས་བྱེད་པའི་དཔུང་ཁག་ཡག་མིན་དང་འཇོན་ཐང་ཆེ་མིན་དེ་སྲིད་དབང་བརྟན་པོ་དང་། སྤྱི་ཚོགས་བརྟན་ལྷིང་། འཕེལ་རྒྱས་ཀྱི་སྤུས་ནུས་བཅས་དང་ཐད་ཀར་འབྲེལ་བ་ཡོད། སྟེང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲུང་ཕུང་ཁྲུན་གྱིས་བརྗོད་དོན། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་རྒྱུ་དེ“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ནས“མི་ལེགས་འདེམས་དང་། མི་སྤྱོད་མཁས་པ། མིར་དོ་དམ་ལེགས་པོ”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་དམིགས་ནས་སླར་ཡང་ཤུགས་རྒྱག་པ་དང་སླར་ཡང་ཚད་བརྒལ་ཡོང་བ་བྱས་ཏེ་དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་དེ་ཞིབ་བཤེར་བྱེད་ཐབས་ཡག་ཤོས་སུ་བརྩི་བ། གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་དང་པོ་དེ་གཡུལ་ས་གཙོ་བོར་བརྩི་བ། སྒྲིག་ཁྲིམས་ལ་བརྟེན་ནས་མཐའ་ཚད་བརྟན་དུ་གཏོང་བ། སྤྱོད་གཙང་གི་དཔུང་ཁག་ལ་བརྟེན་ནས་སྲིད་འཛིན་རྨང་གཞི་བརྟན་དུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་ལས་བྱེད་པར་བརྟེན་ནས་བྱ་གཞག་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ཀྱི་ཡིན།

ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མངགས་གཏོང་ལས་ཁུངས་ཤིག་དང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་པོས་ནན་སྐྱོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་དང་མི་དོན་ཁྲུའི་ཁྲུའུ་ཀྲང་ཧོ་ཁྲའོ་ཡིས་བརྗོད་དོན། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་རྒྱུན་མཐུད་ནས་ཡག་པོ་ཁུར་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་འདོན་པ་དང་། “དཔེ་བཟང་ལས་ཁུངས་ལྔ”འཛུགས་སྐྱོང་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་རྩོམ་གྱི་ཡིན།

རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལས་ཁུངས་ཀྱི་ཏང་དོན་ལས་དོན་པ་ཀྲུའུ་གོ་མའེ་ཡིས་ངོས་འཛིན་བྱས་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱེད་པར་དུས་བབ་གསར་པ་དང་ལས་འགན་གསར་པར་སྔར་བས་ངོས་འཛིན་གསལ་པོ་དང་ཁྲིམས་ཁང་སྤྱི་ཡོངས་ཁྲོད་ཀྱི་ལས་ཁུངས་ཀྱི་ཏང་དོན་ལས་དོན་གྱི་འགན་ལེན་ནུས་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། ཀྲུའུ་གོ་མའེ་ཡིས་བརྗོད་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་བྱེད་ཉེན་རྟོག་པའི་བསམ་བློར་ཁྲིད་སྟོན་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་དམ་འཛིན་ཡག་པོ་བྱེད་པའི་ཐད་ཤུགས་བརྒྱབ་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཏང་ཀྲི་པུའི་རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་དུ་གཏོང་བ། ཏང་འཛུགས་སྐྱོང་དང་འདྲི་གཅོད་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱེད་པ། ཁྲིམས་འཛིན་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞུང་དྲང་ཁྲིམས་འཛིན་དང་དམངས་ཆེད་ཁྲིམས་འཛིན་ལ་རྒྱུན་་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་ཁྲིམས་ཁང་གི་ཁྲིམས་འཛིན་འདྲི་གཅོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་དང་འགན་ལེན་བྱེད་ཀྱི་ཡིན།

ཟླ་10ཚེས་30ཉིན་གྱི་སྔ་དྲོར། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས་མི་དམངས་ཉེན་རྟོག་པ་ཡོངས་སྒྲིག་འཛུགས་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་གཅིག་སྡུད་ཐོག་ལྟ་ཉན་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དབང་གྲགས་ལྡན་པའི་གསལ་འགྲེལ་གྱི་ནང་དོན་ལ་ཆེད་དོན་སློབ་སྦྱོང་བྱས་པ་རེད། ཉིང་ལག་རུ་ཁག་དེའི་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་པད་མ་གཡུ་སྒྲོན་གྱིས་བརྗོད་དོན། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱེད་ཚད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་། བྱ་ཐབས་དེ་བས་ཏན་ཏིག ཕན་འབྲས་དེ་བས་ལེགས་པ་བཅས་ཀྱི་སྒོ་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་སྐྲུན་པར་ཁྲིམས་སྒྱུར་བརྟག་དཔྱད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན།