འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2026ལོའི་ཉིང་ཁྲི་གྲོང་ཁྱེར་གྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”འགྲན་བསྡུར་ཆེ་མོའི་མཐའ་བསྡུར་ཉིང་ཁྲི་གྲོང་ཁྱེར་དུ་བྱས་ཤིང་། རྫོང(གྲོང་ཁྱེར་དང་ཆུས)ཁག་གིས་རིམ་པ་བཞིན་འདེམས་སྒྲུག་བརྒྱབ་པ་བརྒྱུད་གཞི་རིམ་གྱི་སྒྲོག་འགྲེལ་པ་20མཐའ་བསྡུར་ནང་ཚུད་པ་དང་མཐར་སྒྲོག་འགྲེལ་པ་10ལ“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”མཚན་སྙན་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཐའ་བསྡུར་ནང་ཚུད་པའི་བདམས་ཐོན་པ་20ཚང་མ་ཡུན་རིང་གཞི་རིམ་གྱི་འཐབ་ས་དང་པོར་གཞི་ཚུགས་པའི་སྒྲོག་འགྲེལ་པ་ཡིན་པ་རེད། འགྲན་བསྡུར་བྱ་ཡུལ་དུ་བདམས་ཐོན་པ་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། གྲོང་གསེབ་དར་རྒྱས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། ཡུལ་སྲོལ་སྒྱུར་བ། ཕ་ཡུལ་འཕེལ་རྒྱས་དང་འཕོ་འགྱུར་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་རང་ངོས་ཀྱི་ཉམས་མྱོང་དང་ཉེ་འགྲམ་གྱི་དཔེ་མཚོན་དངོས་ཟུང་འབྲེལ་གྱིས་སྒྲོག་འགྲེལ་བྱས་པ་རེད། གྲོང་གསེབ་ཀྱི་རྣམ་པ་ལེགས་གཏོང་ནས་དམངས་འཚོ་འགན་ལེན་རིམ་སྤོར་བར་དང་། ཐོན་ལས་འཕེལ་རྒྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བར། མིའི་འཚོ་སྡོད་ཁོར་ཡུག་ལེགས་གཏོང་ནས་ཤེས་དཔལ་སྲོལ་གསར་སྐྱེད་སྲིང་བར་བཅས་ལས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཉིང་ཁྲི་གྲོང་ཁྱེར་གྱི་གཞི་རིམ་དུ་བྱུང་བའི་མིག་མཐོང་ལག་འཛིན་གྱི་འགྱུར་ལྡོག་གསོན་ཉམས་དོད་པོས་མངོན་ཡོད།
དཔྱད་འདེམས་ཨུ་ལྷན་གྱིས་ཕྱོགས་བསྡུས་སྐར་མ་བརྒྱབ་པ་བརྒྱུད། ཉི་མ་རྡོ་རྗེ་དང་ནོར་བུ་དབྱངས་ཅན་སོགས་བདམས་ཐོན་པ་10འབུར་དུ་ཐོན་ནས་2026ལོའི་ཉིང་ཁྲི་གྲོང་ཁྱེར་གྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”མཚན་སྙན་ཐོབ་པ་རེད།