《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月31日

ཡུལ་ལྗོངས་ཡག་པོས་དམངས་ལ་འབབ་འཕར་བྱུང་བ།

—— སྨན་གླིང་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

ཞོགས་པའི་ཉི་གཞོན་གནམ་ལྕགས་འབར་བའི་རི་རྩེ་ནས་སྨན་གླིང་གྲོང་ཁྱེར་རྟ་གླིང་གྲོང་ཚོའི་བོད་བཟོའི་དམངས་སྲོལ་གནས་ཚང་ལ་འཕྲོས། ཡུལ་མི་དབང་ཕྱུག་སྔ་པོ་ནས་ལངས་ཏེ་མགྲོན་པོར་ཇ་བསྲུབས་མ་དང་རྩམ་པ་གྲ་སྒྲིག་བྱས། རང་ཁྱིམ་གྱི་ཁང་པ་རྙིང་པ་དེ་ད་ཆ་ཡུལ་སྐོར་བས་འཚང་ཁ་ཤིག་ཤིག་ངང་སྔོན་མངགས་བྱེད་པའི་གནས་ལ་འགྱུར་སྙམ་པ་ཁོང་གི་བསམ་པའི་ཡུལ་དུའང་འཁོར་མྱོང་མེད།

“དེ་སྔ་ཡུལ་ལྗོངས་ཡག་པོ་ཡོད་ནའང་འཚོ་བ་སྐྱོ་པོ་སྐྱེལ་གྱི་ཡོད། 2025ལོར་གྲོང་ཚོས་དམངས་སྲོལ་གནས་ཚང་གཉེར་བའི་སྐུལ་སློང་བྱེད་སྐབས་ཚང་མར་སེམས་ཁྲལ་ཆེན་པོ་བྱུང་ཡོད”ཅེས་དབང་ཕྱུག་གིས་ཇ་སྐོལ་ཞོར་དྲན་གསོ་བྱེད་བཞིན་དེ་ལྟར་བཤད། འགག་རྩའི་དུས་སུ་ཏང་ཡོན་ཚེ་རིང་དོན་གྲུབ་ཀྱིས་སྣེ་ཁྲིད་དེ་རང་ཁྱིམ་གྱི་སྒོ་ར་གཙང་མ་བཟོས་ནས། ཇུས་འགོད་ཚོགས་པ་སྒྱུར་བཀོད་བྱེད་པར་སྐད་བཏང་། ཁོང་གི་སྒོ་རའི་ནང་ཉིན་ལྟར་འགྲུལ་པས་ཁེངས་པ་མཐོང་བས་དབང་ཕྱུག་དང་ཁྱིམ་མཚེས་ཚོའི་སེམས་ལ་གཡོ་འགུལ་ཐེབས་ནས་ཏང་ཡོན་རྐང་འཛིན་པ་དང་མཉམ་དུ་དམངས་སྲོལ་གནས་ཚང་གཉེར་འགོ་བརྩམས། ད་ཆ་དབང་ཕྱུག་ཁྱིམ་གྱི་འགྲུལ་ཁང་8ཀྱི་ལོའི་ཡོང་འབབ་སྒོར་ཁྲི་8ཙམ་ཟིན་གྱི་ཡོད། “ཏང་རྩ་འཛུགས་ཀྱིས་ལམ་སྟོན་བྱས་པ་དང་ཏང་ཡོན་གྱིས་སྣེ་ཁྲིད་པས་ང་ཚོ་མི་སེར་ཚོར་སྒོ་རྩ་ནས‘ཡུལ་སྐོར་ལ་བརྟེན་ཏེ་ཡོང་འབབ་གསོག་རྒྱུ་འདུག’”ཅེས་དབང་ཕྱུག་གིས་འཛུམ་དམུལ་དམུལ་ངང་བཤད།

རྟ་གླིང་གྲོང་ཚོའི་འགྱུར་ལྡོག་ནི་སྨན་གླིང་གྲོང་ཁྱེར་གྱིས་ཏང་འཛུཌ་སྐྱོང་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

ཏང་ཡོན་གྱིས་སྣེ་ཁྲིད་པ་དང་མང་ཚོགས་རྗེས་སུ་འབྲངས་ནས་མཉམ་དུ་བསྒྲུབས་པ།

སྨན་གླིང་གྲོང་ཁྱེར་ཕད་གྲོང་རྡལ་རྟ་ཐོག་ཁ་གྲོང་ཚོ་དང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོ་རྙིང་པར་སྐྱོད་སྐབས། ཏང་ཡོན་གདོང་ལེན་རུ་ཁག་གིས་སྣེ་ཁྲིད་དེ་སྐུལ་འདེད་བཏང་བའི་ཁྱད་ལྡན་དམངས་སྲོལ་གནས་ཚང་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། མ་དངུལ་སྒོར་དུང་ཕྱུར་1.14བཏང་བས་གྲོང་ཚོ་རྙིང་པར་འཕེལ་རྒྱས་གསར་པ་བྱུང་ཞིང་། ཐུན་མོང་མ་ཡིན་པའི་ལྷོ་པ་རིགས་ཀྱི་རིག་གནས་ཐོན་ཁུངས་ལ་བརྟེན་པ་དང་། ཁྱད་ལྡན་དམངས་སྲོལ་གནས་ཚང་གིས་སྲོལ་རྒྱུན་ཁང་པའི་རྣམ་པ་སོར་འཇོག་བྱས་པ་མ་ཟད། དེང་རབས་ཀྱི་ཡུལ་སྐོར་ཞབས་ཞུའི་ནུས་པ་དེ་བས་མཉམ་འདྲེས་ཐུབ་པར་བྱས་པས་ཡུལ་སྐོར་བས་ས་གནས་དེ་གའི་རིག་གནས་ཉམས་ལེན་བྱེད་སའི་སྐར་ཁུང་ཞིག་ཏུ་གྱུར་ཡོད།

ཤང་དང་གྲོང་རྡལ་གྱི་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་8བཙུགས་པ་ནས་སྒོར་ཁྲི་70ལྷག་ཙམ་བཏང་ནས་སྒྱུར་བཀོད་རིམ་སྤོར་བྱས་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་བར་དུ། ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ཁྱབ་ཁོངས་ཕྱོགས་གང་སར་སྣུར་སྲིང་བྱས་ཡོད། ཏང་ཡོན་གྱིས་སྣེ་ཁྲིད་ནས་ལས་ཀ་བྱས་པས་མང་ཚོགས་ཀྱང་དེའི་རྗེས་སུ་འབྲངས་ནས་ལས་ལ་གཞོལ་ཞིང་། སྨན་གླིང་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་འགྲོ་བཞིན་ཡོད།

རིག་གནས་ཁྱིམ་དུ་དར་བས་གཏམ་རྒྱུད་ཀྱིས་སེམས་ཀྱི་ཞིང་ས་བརླན་པ།

རིག་གནས་དམངས་ཕན་ནི“ནད་བརྒྱ་སྨན་གཅིག”ལྟར་བྱེད་མི་རུང་བར་ངེས་པར་དུ“གནད་སྨིན་ཐིགས་ཆུ་གཏོང”དགོས། སྨན་གླིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་རིག་རྩལ་གསར་རྩོམ་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་བཙུགས་པ་དང་། ཏང་ཡོན་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་གྲོང་ལྷན་དུ་བསྐྱོད་ནས་གསར་རྩོམ་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ། མཐའ་མཚམས་སྲུང་བའི་གཏམ་རྒྱུད་དང་གྲོང་གསེབ་དར་རྒྱས་ཀྱི་འགྱུར་ལྡོག་དག་འཁྲབ་ཚན་བཟོས་ནས་གར་སྟེགས་ཐོག་འཁྲབས་ཤིང་། 《ཡར་ཀླུང་གཙང་པོའི་དབྱངས་རྟ》དང་། 《སྐྱིད་པའི་སྨན་གླིང》 《འོད་སྣང་གི་མཚར་སྡུག》སོགས་བརྩམས་ཡོད། “གར་སྟེགས་ཐོག་འཁྲབ་སྟོན་བྱེད་པ་དེ་ང་ཚོའི་གྲོང་ཚོའི་གཏམ་རྒྱུད་ཡིན་པས་ཡུལ་མི་ཚོས་ཧ་ཅང་དགའ་པོ་བྱེད་ལ་རྒྱུས་མངའ་ཡང་ཧ་ཅང་ཆེན་པོ་ཡོད”ཅེས་ཆབ་ནག་གྲོང་རྡལ་གྱི་མང་ཚོགས་ཕུན་ཚོགས་དབང་འདུས་ཀྱིས་བཤད།

མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་རིང་ཏང་ཡོན་གྱི་གཟུགས་བརྙན་མང་པོ་མཐོང་རྒྱུ་ཡོད། སྨན་གླིང་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོང་ལྟེ་གནས་སུ་ལོ་56ལ་སླེབས་པའི་ལྷོ་པའི་རས་འཐག་གི་རྒྱུན་འཛིན་པ་ཡཱ་དབྱིའི་གམ་དུ་ད་ཆ་ལག་རྩལ་སྦྱོང་མཁན་གྱི་སློབ་མས་ཁེངས་ནས་ཡོད་ཅིང་། ལག་ནང་གི་སྒྲོམ་བུ་ཕར་གཏོང་ཚུར་གཏོང་བྱེད་པ་དང་། ཐགས་ཁྲིའི་སྒྲ་བར་མེད་དུ་གྲགས་འོང་། སྔོན་ཆད་ཡཱ་དབྱིས་ལག་རྩལ་རྙིང་པ་སྦྱོང་མཁན་མེད་པ་དང་ཁྲོམ་ར་མེད་པར་རྟག་ཏུ་སེམས་ཁྲལ་བྱེད་ཀྱི་ཡོད། ད་ཆ་དེ་ནི་སེམས་ཁྲལ་འཐོལ་པ་རང་རེད། ཏང་ཡོན་རྐང་འཛིན་པས་མངོན་མིན་རིག་གནས་ཤུལ་བཞག་རེ་རེ་བཞིན་ལ་གསེད་བཀྲོལ་བྱས་ཏེ་མ་དངུལ་སྒོར་ཁྲི་37.85བཏང་ནས“སྨན་གླིང་གི་ལག་རྟགས”ཞེས་པའི་རིག་གནས་བསམ་བཀོད་ཀྱི་སྤུས་རྟགས་བཏོད་ཅིང་། གནམ་ལྕགས་འབར་བ་བརྗོད་དོན་གཙོ་བོར་བྱས་པའི་ལོ་ཐོ་དང་རིག་གནས་བསམ་བཀོད་ཀྱི་སྔས་འབོལ་སོགས་ཐོན་རྫས་ལས་མངོན་མིན་རིག་གནས་ཤུལ་བཞག་དར་འཕེལ་བྱུང་ཡོད། “ཏང་རྩ་འཛུགས་ཀྱིས་ང་ཚོའི་སྣེ་ཁྲིད་ནས་སྔོག་འདོན་དང་། སྲུང་སྐྱོང་། གསར་གཏོད་བཅས་བྱེད་ཀྱི་ཡོད་ལ། མངོན་མིན་རིག་གནས་ཤུལ་བཞག་དེ་དྲན་ཤེས་ནང་གི་གཏམ་རྒྱུད་རྙིང་པ་ཙམ་མིན་པར་མིག་མཐོང་ལག་ཟིན་དང་ཕྱུག་འགྱུར་ཐུབ་པའི་ཐོན་ལས་གསར་པ་ཞིག་ཡིན”ཞེས་ཡཱ་དབྱིས་མྱོང་ཚོར་ཟབ་མོས་བཤད།

ཁེ་སྤོགས་མཐོང་རྒྱུ་ཡོད་ལ་དམངས་ལ་ཕན་པ་དངོས་ཐོབ་པ།

2026ལོའི་ཁམ་བུའི་མེ་ཏོག་དུས་ཚིགས་སུ་སྨན་གླིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས“གཞུང་ལས་ཁང”བྱེད་སྒོ་སྤེལ་ཡུལ་དུ་སྤོས་པ་དང་། ཏང་ཡོན་ལས་བྱེད་པས་འགོ་ཚུགས་མཛད་སྒོར་སྤྱི་འདོམས་ནས་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བར་དང་། དམངས་སྲོལ་ལུས་རྩལ་འགྲན་བསྡུར་ནས་ཡུལ་སྐོར་བའི་ཞབས་ཞུ་འགན་ལེན་བར་ལས་ཀ་ཚགས་ཚུད་པོ་བྱས་ཡོད། ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་བྱེད་སྒོར་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་6.24ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་ཁྲི་2255ཟིན་ཡོད། པདྨ་སེར་པོའི་བོད་ལུགས་གསོ་རིག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་དྲ་ཐོག་ཐད་གཏོང་ལ་ལྟ་མཁན་མི་ཐེངས་ཁྲི་117ལྷག་ཙམ་ཟིན་ནས“རྒྱུག་འབོར”དེ“འགྲུལ་འབོར”ལ་དངོས་སུ་གྱུར་ཡོད།

“ཏང་རྩ་འཛུགས་ཀྱི་རྗེས་སུ་འབྲངས་ནས་ལས་ཀ་བྱས་ན། ཁ་ཕྱོགས་ཡོད་ལ་ངར་ཤུགས་ཀྱང་ཡོད”ཅེས་ཏང་ཡོན་དང་བླངས་པ་བསམ་གཏན་གྱིས་བཤད།

རྟ་གླིང་གྲོང་ཚོའི་དམངས་སྲོལ་གནས་ཚང་ནས་ས་ཁོངས་ཡོངས་ལ་ཁྱབ་པའི་རིག་གནས་ཡུལ་སྐོར་གྱི་དྲ་བའི་བར་དང་། ཏང་ཡོན་གྱིས་སྣེ་ཁྲིད་པ་ནས་མང་ཚོགས་ཁྲི་སྟོང་མང་པོ་ཞུགས་པའི་བར། སྨན་གླིང་གྲོང་ཁྱེར་དུ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནི་ལས་བྱེད་པས་སྣེ་ཁྲིད་དེ་སྒྲུབ་པ་དང་། ཏང་ཡོན་གྱིས་མདུན་དུ་སྐྱོད་པ། མང་ཚོགས་ལ་དངོས་ཕན་ཐོབ་པ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།

(གནམ་ཕྱུག་རྒྱལ་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)