འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་བསྐྲུན་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་རྗེས་འཇུག་བཀོད་སྒྲིག་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་དང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། བྱེད་ཐབས་ཞིབ་འཇུག་དང་ལག་བསྟར་དོན་འཁྱོལ་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཞུས་ཀྲི་ཝུན་གྱིས་གསུངས་དོན། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། འཕྲོད་བསྟེན་དང་བདེ་ཐང་གི་དྲིལ་བསྒྲགས་སློབ་གསོ་ཁྱོན་ཡོངས་ཀྱི་དྲིལ་བསྒྲགས་ལས་ཀའི་བཀོད་སྒྲིག་ནང་བཅུག་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཆེད་དོན་ལེ་ཚན་བཟོས་ནས་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡག་པོ་བྱས་ཏེ། དུས་རབས་གསར་པའི་དུས་བདེའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། གླེང་ཕྱོགས་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་བདེ་འཇགས་གཙང་བཙན་ཡོང་བར་འགན་ལེན་བྱེད་དགོས།
ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། དུས་རབས་གསར་པའི་བོད་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཡག་པོ་སྒྲུབ་པར་རང་འགུལ་ངང་བྱས་རྗེས་འཇོག་དགོས་པ་དང་། དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ཏེ་གནད་དོན་ཤེས་རྟོགས་དང་། གནད་དོན་ཞིབ་འཇུག གནད་དོན་ཐག་གཅོད་བཅས་ཧུར་ཐག་བྱེད་དགོས། མི་སེམས་གཅིག་སྒྲིལ་བྱས་ཏེ་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ། ཚང་མས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས། དམ་པ་དོན་གཉེར་གྱིས་རང་འགུལ་ངང“སྐྱིད་སྣང་དོད་ཁུལ”ལས་ཐོན་ཏེ་གོམས་སྟོབས་བསམ་གཞིག་གི་འཆིང་རྒྱ་བརྟོལ་མཁས་པ་དང་། གོ་ཆོད་ནུས་ལྡན་གྱི་བྱེད་ཐབས་འདོན་པ། དངོས་སྒྲུབ་གྲུབ་འབྲས་ལ་བརྟེན་ནས་ལས་ཀའི་སྤྱི་ཡོངས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)