《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月31日

ས་ཡོམ་རྗེས་ཀྱི་གྲང་ངར་ཆེ་བའི་མཚན་མོར་ཁོང་ཚོས་རང་འཁྲིའི་ལས་གནས་བརྟན་པོ་བསྲུངས་བ།

ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གསུམ་པ་ནས་བཟུང་། སྦྲ་ཆེན་རྫོང་དམར་རུ་ཤང་འཕྲོད་བསྟེན་ཁང་གི་སྨན་དོན་པ་གཅིག་རྗེས་གཉིས་མཐུད་ངང་འཕྲོད་བསྟེན་ཁང་ནས་ཐོན་ཏེ་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་སྐོར་སྐྱོད་སྨན་བཅོས་དང་སྨན་སྐྱེལ་བར་བསྐྱོད་ཡོད།

དམར་རུ་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་གཞོན་པ་ཆོས་དཔལ་མཚོ་མོས་ས་ཡོམ་རྒྱག་པའི་ཉིན་དེའི“ཛ་དྲག་ཆེ་བའི་སྐར་མ་དྲུག”གི་སྐོར་གླེང་སྐབས། དེ་ནི་ཁོང་དང་ཁོང་གི་ལས་རོགས་ཀརྨ་སྒྲོལ་མའི་ངོས་ནས་བརྗོད་ཚེ་བརྗེད་པར་དཀའ་བའི་ཤི་གསོན་གྱི་འཐབ་རྩོད་ཅིག་རེད།

ཁོང་གཉིས་པོའི་སྡོད་གནས་ནས་ཤང་འཕྲོད་བསྟེན་ཁང་བར་རླངས་འཁོར་ལ་བསྡད་ཚེ་ཧ་ལམ་སྐར་མ་བཅུ་ཙམ་འགོར་གྱི་ཡོད། ས་ཡོམ་རྒྱག་སྐབས་ཁང་པ་ཡམ་ཡོམ་བྱས་པས། ཆོས་དཔལ་མཚོ་མོ་ཁང་པ་ནས་ཕྱིར་དོན་སྐབས་མགོ་ལ་གནམ་གཅལ་ལྷུང་སྟེ་ན་ཟུག་ཆེན་པོ་བཏང་ཡང་སྡུག་རུས་ཀྱིས་འཕྲལ་མར་ཁྱིམ་མཚེས་ཀརྨ་སྒྲོལ་མར་སྐད་བཏང་།

དེ་རྗེས་ཁོང་གཉིས་པོ་འཕྲལ་དུ་འཕྲོད་བསྟེན་ཁང་དུ་བསྐྱོད།

“སྐབས་དེ་དུས་རྨི་ལམ་མིན་ནམ་སྙམ་བྱུང་། འོན་ཀྱང་སེམས་ནང་ཡིན་གཅིག་འཕྲོད་བསྟེན་ཁང་དུ་ལོག་དགོས་སྙམ་བྱུང་། སྐར་མ་6གི་རྗེས་སུ་འཕྲོད་བསྟེན་ཁང་དུ་འབྱོར་སྐབས་སྒོ་རའི་ནང་རྨས་སྐྱོན་ཕོག་པའི་མང་ཚོགས་མང་པོ་སླེབས་འདུག

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) གཞུང་ལས་ཁང་གི་ཁང་པར་སེར་ཁ་གས་པ་མ་ཟད། ཉལ་ཁང་རྦད་དེ་བརྡིབས་འདུག”ཅེས་ཆོས་དཔལ་མཚོ་མོས་དྲན་གསོ་བྱེད་བཞིན་བཤད།

སྨན་དོན་པ་ཡོངས་གཟུགས་པོ་མི་བདེ་བར་གྱུར་ལ་སེམས་ནང་དུའང་དངངས་སྐྲག་ཆེན་པོ་སྐྱེས་རུང་ཐེ་ཚོམ་དང་ཕྱིར་བཤོལ་བྱེད་མཁན་ཡེ་ནས་མེད།

ཚང་མས་ཡོམ་འཕྲོའི་ཉེན་ཁར་མ་འཛེམས་པར་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་སོགས་འགག་རྩའི་དངོས་ཟོག་སྒོ་རའི་ནང་གི་ས་སྟོང་དུ་དབོར་བ་དང་། ནད་ཁྲི་མེད་སྟབས་ཤིང་ལེབ་དང་ཉལ་ཆས་སོགས་ཐང་དུ་བཏིང་ནས་མྱུར་སྐྱོབ་བྱེད་མཁན་དང་། རྨ་ཁ་འཚེམ་མཁན། ཆག་འཆིང་རྒྱག་མཁན་བཅས་ཚོགས་ཆུང་གསུམ་ལ་མགྱོགས་མྱུར་བགོས་ནས་གོ་རིམ་ལྡན་པའི་ངང་སྐྱོབ་བཅོས་ཀྱི་ལས་ལ་གཞོལ།

ཉེན་ཁའི་མདུན་དུ་ཕྱོགས་མང་པོའི་སྨན་བཅོས་སྟོབས་ཤུགས་གཅིག་སྡུད་མགྱོགས་མྱུར་བྱས་ཤིང་། ཤང་འཕྲོད་བསྟེན་ཁང་དུ་དེ་སྔ་སྨན་དོན་པ་13ཡོད་པ་དང་། ས་ཡོམ་བརྒྱབ་རྗེས་གྲོང་ཚོ་ཁག་གི་སྨན་པ་དང་། ཉེ་འཁོར་ཤང་དང་གྲོང་རྡལ་གྱི་སྨན་དོན་པ། གྲོང་ཁྱེར་དང་རྫོང་གི་སྨན་བཅོས་རིགས་གཅིག་མཁས་ཅན་བཅས་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་ཁྱོན་སྨན་དོན་པ་50ལྷག་ཙམ་གྱིས་རོགས་སྐྱོབ་འགན་ལེན་གྱི་ལས་དོན་ལ་ཞུགས།

“འཕྲོད་བསྟེན་ཁང་གི་སྨན་དོན་པ་མང་ཆེ་བ་བུད་མེད་ཡིན་པ་དང་། ནད་པར་གློ་སྙིང་སླར་གསོ་ཡང་ཡང་བྱས་པའི་རྐྱེན་གྱིས་ཚང་མ་ཐང་ཆད་འདུག་ལ། སྐབས་དེར་ཚང་མ་བྲེལ་འཚུབ་ངང་ཕྱིར་དོན་པ་ཤ་སྟག་ཡིན་པས་མང་ཆེ་བ་རྐང་རྗེན་མ་ཡིན་པ་དང་ཉལ་གོས་ལས་གྱོན་མེད་སྟབས། གྲང་ངར་ཧ་ཅང་ཆེ་བའི་མཚན་མོ་དེར་ཚང་མ་འཁྱགས་ནས་ཁ་འདར་ཤོར། འོན་ཀྱང་ཚང་མས་སྡུག་རུས་བྱས་ནས་ལས་ཀ་ཧུར་ཐག་བྱས་སོང”ཞེས་ཆོས་དཔལ་མཚོ་མོས་བཤད།

ལ་ཁའི་ཉི་མ་རིམ་གྱིས་བཞུད་པ་དང་བསྟུན་ནས། བཀོད་སྒྲིག་བྱ་ཡུལ་དུ་མུན་པའི་ཡོལ་བ་སྲབ་མོ་ཞིག་འཐེན། ཆོས་དཔལ་མཚོ་མོ་དང་ཀརྨ་སྒྲོལ་མ་སྔར་བཞིན་མང་ཚོགས་ཁྲོད་དུ་གཟུགས་པོ་བརྟག་དཔྱད་དང་། སྨན་སྤྲོད་པ། སེམས་གསོ་གཏོང་བ། མངག་བྱ་བྱེད་པ་བཅས་ཀྱི་ལས་ལ་གཞོལ་བཞིན་ཡོད། ཡངས་ཤིང་རྒྱ་ཆེ་བའི་ས་མཐོའི་ཐོག་ཁོང་གཉིས་པོའི་བབ་ཆགས་པའི་གཟུགས་བརྙན་གྱིས་མི་རྣམས་ལ་དེ་བས་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་སྦྱིན་བཞིན་ཡོད།

(པད་ཆོས་ཀྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)