《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月31日

ཕན་ཚུན་རོགས་སྐྱོར་བྱེད་པ་ལས་བརྩེ་སེམས་ཟབ་མོ་མངོན།

—— དིང་རི་རྫོང་གྲམ་མཚོ་ཤང་གི་མང་ཚོགས་ཚོས་སྦྲ་ཆེན་གྱི་གེགས་ཁུལ་ལ་རོགས་སྐྱོར་བྱེད་པའི་སྐོར་བཀོད་པ།

འདི་ནི་ཞལ་འདེབས་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་ཐོན་རྩིས་བྱེད་བཞིན་པ།

“སྦྲ་ཆེན་དུ་ས་ཡོམ་བརྒྱབ་འདུག ང་ཚོར་གནོད་འཚེ་ཕོག་པའི་སྐབས་སུ་རྒྱལ་ཡོངས་ཀྱི་ཕྱོགས་བཞི་མཚམས་བརྒྱད་ནས་རོཌ་སྐྱོར་བྱེད་པར་སླེབས་བྱུང་། ད་རེས་ང་ཚོས་ཡིན་གཅིག་ཕར་རོགས་སྐྱོར་བྱེད་དགོས”ཞེས་ཟླ་10ཚེས་22ཉིན་གྱི་མཚན་དགུང་དུ་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་ཡུལ་མི་བློ་བཟང་གིས“བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པའི”གསར་འགྱུར་མཐོང་འཕྲལ་སེམས་ཁྲལ་ཆེན་པོ་བྱུང་ཞེས་བཤད།

ཁོང་གིས་ས་ཡོམ་བརྒྱབ་པའི་གསར་འགྱུར་ལ་ཞིབ་པར་ཐེངས་འགའ་བལྟས་རྗེས། པར་དེབ་ཁ་ཕྱེ་ནས་ན་ནིང་དིང་རིར་ས་ཡོམ་རྒྱག་སྐབས་བརྒྱབ་པའི་པར་ལ་བལྟས། དེ་ཡང་བཀོད་སྒྲིག་བྱ་ཡུལ་གུར་གྱི་སྟེང་དུ“ཀྲུང་གོའི་རོགས་སྐྱོབ”དང་། “སི་ཁྲོན་གྱི་འཕྲལ་སྡོམ” “མཚོ་སྔོན་གྱི་རོགས་སྐྱོར”སོགས་བྲིས་ཡོད་པ་དང་། དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་སྟེང“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད”ཅེས་པའི་སྦྱར་ཡིག་སྦྱར་ཡོད། འདི་དག་མཐོང་སྐབས་བློ་བཟང་གི་སེམས་ལ་ཁྱིམ་གྱི་མར་དང་བསྡུས་མ་ཐག་པའི་འབྲུ་རིགས་ཚང་མ་སྦྲ་ཆེན་གྱི་ཡུལ་མི་ཚོར་སྐྱེལ་འདོད་ཆེན་པོ་བྱུང་ཡོད།

2025ལོའི་ཟླ་1ཚེས་7ཉིན། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་ཡོམ་ལྡིག་གྲམ་མཚོ་ཤང་གི་རྒྱུད་དུ་ཡིན་ཞིང་། མགུ་རིང་གྲོང་ཚོའི་ཁང་པ་བརྡིབས་པ་དང་ཟིང་དཀར་གྲོང་ཚོའི་གྱང་ལོག་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) བློ་བཟང་གི་ཁྱིམ་ལ་ཆ་བཞག་ན། ཁང་པའི་ལྕམ་གྱི་འོག་ནས་གྱང་གི་རྩ་བའི་བར་སེར་ཁ་གས་ཡོད་པ་རེད། ས་ཡོམ་བརྒྱབ་ནས་དུས་ཡུན་རིང་པོ་མ་སོང་བར་རོགས་སྐྱོབ་རླངས་འཁོར་མང་པོ་སླེབས་ཤིང་། རྒྱལ་ཡོངས་ས་གནས་ཁག་གི་དང་བླངས་པས་གུར་དང་། ཕོ་ཁེབས། སྟབས་བདེའི་ཐུག་པ། གཏེར་ཆུ་སོགས་ཁྱེར་ནས་གྲམ་མཚོ་ཤང་དུ་ཡོང་།

“སྐབས་དེ་དུས་ང་ཚོ་རང་ཉིད་ལ་བྱུར་ཉེས་བྱུང་བས་སྡུག་བསྔལ་གང་འདྲ་ཡོད་པ་ང་ཚོས་ཤེས་ལ་མི་གཞན་གྱིས་རོགས་སྐྱོར་བྱས་ན་དགའ་ཚོར་གང་འདྲ་ཡོད་པའང་ཤེས་ཀྱི་འདུག”ཅེས་བློ་བཟང་གིས་བཤད།

ཟླ་10ཚེས་27ཉིན་ཁོང་གིས་འབྲུ་རིགས་དོ་པོ་ཁ་ཤས་དང་། རྩམ་པ། མར་བཅས་འཁོར་གསུམ་སྦག་སྦག་ལ་བླུགས་རྗེས་སླར་ཡང་བཟའ་སྣུམ་འགྱིག་དམ་གཉིས་ཁྱེར་ཡོང་། “མ་གཞི་ཅ་ལག་འདི་དག་གོང་ཆེན་པོ་མིན་རུང་། སྦྲ་ཆེན་གྱི་ཡུལ་མི་སྤུན་ཟླ་ཚོར་ང་ཚོ་གྲམ་མཚོ་བར་ཕྱོགས་བཞི་མཚམས་བརྒྱད་ནས་བརྩེ་བ་བཅངས་ཡོད་པ་ཤེས་སུ་འཇུག་ཆེད་ཡིན”ཞེས་བློ་བཟང་གིས་བཤད།

ཟིང་དཀར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་མདུན་གྱི་ཐང་ཆེན་དུ་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་དངུལ་དང་དངོས་ཟོག་ཞལ་འདེབས་རྒྱག་པར་ཡོང་ཞིང་། འཁོར་གསུམ་སྦག་སྦག་སྣ་ཚོགས་ཀྱི་ནང་དུ་རྩམ་པ་དང་། མར། ཇ་བག་ཆུང་སོགས་དངོས་ཟོག་རྡག་རྡག་བླུགས་ཡོད་པ་རེད། ཡུལ་མི་ཚོས། “ང་ཚོས་འཁྱེར་ཡོང་བའི་ཅ་དངོས་ཚང་མ་ཡུལ་ཟོག་ཤ་སྟག་ཡིན་པས། ཡུན་རིང་བཞག་ཀྱང་འཕྲོ་བརླག་འགྲོ་གི་མ་རེད”ཅེས་བཤད།

ཉིན་དེར་གྲམ་མཚོ་ཤང་གི་མགུ་རིང་གྲོང་ཚོ་དང་། བྲག་བྱང་གྲོང་ཚོ། རྩྭ་གྲོང་ཚོ། མཐོང་ལས་གྲོང་ཚོ་སོགས་སྲིད་འཛིན་གྲོང་ཚོ་10ཡིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་བྱ་སྤྱོད་སྤེལ་ནས། ཕན་ཚུན་རོགས་སྐྱོར་བྱེད་པ་ལས་བརྩེ་བ་ཟབ་མོ་མངོན་ཞིང་། ད་ཐེངས་ཀྱི་ཞལ་འདེབས་དངོས་ཟོག་ལ་ཁྱོན་འབྲུ་རིགས་རྒྱ་མ་ཁྲི་9.5དང་། ཞོག་ཁོག་རྒྱ་མ་ཁྲི་1.5 རྩམ་པ་དོ་པོ་5451 མར་རྒྱ་མ་1263 པད་སྣུམ་ཧྲེང་2508བཅས་བརྒྱབ་ཡོད་པ་དང་། དངུལ་ཞལ་འདེབས་སྒོར་ཁྲི་19.3བརྒྱབ་ཡོད་པ་རེད།

“ང་ཚོར་གནོད་འཚེ་ཕོག་སྐབས་རྒྱལ་ཡོངས་ས་གནས་ཁག་གི་རོགས་སྐྱོབ་མི་སྣས་ལ་ཀླུང་བརྒལ་ནས་ང་ཚོ་སྐྱོབ་པར་ཡོང་ཡོད། ད་ཆ་སྦྲ་ཆེན་ལ་དཀའ་ངལ་འཕྲད་དུས་རྒྱལ་ཡོངས་ཀྱི་རོགས་སྐྱོབ་མི་སྣ་ཡང་དེའི་ཕྱོགས་སུ་སྐྱོད་བཞིན་ཡོད་པས། ང་ཚོ་གྲམ་མཚོ་བས་བལྟས་ནས་བསྡད་ན་ག་ལ་འགྲིག”ཅེས་གྲམ་མཚོ་ཤང་གི་ཤང་ཀྲང་གཞོན་པ་སྤེན་པ་ནོར་བུས་རླངས་འཁོར་ཐོག“སྦྲ་ཆེན། ཤུགས་རྒྱོབ”ཅེས་པའི་འཕྲེད་འགེལ་སྦྱར་ཡིག་སྦྱོར་ཞོར་དུ་གསར་འགོད་པར་འདི་ལྟར་བཤད།

ཞལ་འདེབས་དངོས་ཟོག་དབོར་འདྲེན་རླངས་འཁོར་ཐོག་མའི་གློག་སྤར་རྗེས། མགུ་རིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱིས་རླངས་འཁོར་གྱི་སྒེའུ་ཁུང་ནས་མགོ་བོ་མར་བཏོན་ཏེ་སྐྱེལ་མ་ཞུ་མཁན་ལ་ལག་པ་གཡུག་གཡུག་བྱས། ཁོང་གི་རྒྱབ་ངོས་ཀྱི་སྒྲོམ་སྐྱོར་ནང་རྩམ་པ་དང་མར་བྱུར་བུར་བླུགས་ཡོད་པ་དང་འཁོར་སྒྲོམ་ངོས་སུ“དེ་སྔ་ནག་ཆུས་རོགས་སྐྱོར་བྱས། ད་ཆ་དྲིན་ལ་དྲིན་ལན་འཇལ”ཞེས་གཞི་རས་དམར་པོའི་སྟེང་ཡི་གེ་སེར་པོ་འགའ་བྲིས་ནས་སྦྱར་ཡོད་པ་རེད།

རླངས་འཁོར་རུ་ཁག་ཐང་ཆེན་ནས་རིམ་བཞིན་སྣུམ་ནག་གཞུང་ལམ་ཐོག་བསྐྱོད་ཅིང་གྲལ་སྟར་འགྲིག་པའི་རླངས་འཁོར་རུ་ཁག་ནི་གཡུ་འབྲུག་སྔོན་མོ་ཞིག་ས་ལ་འཁྱུག་དང་གཉིས་སུ་མ་མཆིས། དིང་རི་ནས་སྦྲ་ཆེན་བར་ལ་ཀླུང་མང་པོ་བརྒལ་དགོས་ལ་ནག་ཆུའི་བྱང་ཐང་སྐྱ་མོའང་བརྒལ་དགོས་པ་མ་ཟད། ལམ་ཡང་དེ་ཙམ་བདེ་པོ་མེད། འོན་ཀྱང་དེ་སྔོན་རྒྱལ་ཡོངས་ས་གནས་ཁག་གི་དངོས་ཟོག་ལ་ཀླུང་བརྒལ་ནས་གྲམ་མཚོའི་གུར་ནང་སྐྱེལ་བར་ཡོང་ཡོད་་པས། ད་རེས་གྲམ་སོའི་མར་ཡང་སྦྲ་ཆེན་གྱི་བཀོད་སྒྲིག་བྱ་ཡུལ་དུ་སྐྱེལ་ཐུབ་ངེས་ཡིན་པ་རླངས་འཁོར་ནང་གི་མི་ཚང་མར་གདེང་ཚོད་ཡོད།

(བསྟན་འཛིན་གྱིས་བསྒྱུར། བསྟན་འཛིན་དང་ཚེ་ལྷས་ཞུས)