“གཟབ་གཟབ་གྱིས། ཁམ་བུ་སར་མ་ལྷུངས་པ་གྱིས”ཞེས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་ཞོ་གྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་ཁམ་སྡོང་འོག་ལངས་ཏེ་ལག་གཉིས་ཀྱིས་སྐས་ཀ་སྐྱོར་ཞོར་སྐས་ཀར་འཛེགས་ཏེ་ཁམ་བུ་འཐུ་བའི་ཡུལ་མིར་དེ་ལྟར་བཤད།
ཞོ་གྲོང་གྲོང་ཚོའི་སྔོ་ཐིང་ཐིང་གི་ཁམ་བུའི་ལྡུམ་ར་དེ་ནི་ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་རིང་བཏབ་པའི“རེ་བའི་ལྡུམ་ར”ཞིག་རེད།
ད་ཕན་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་སླར་གསོ་ཁྱད་ལྡན་ཤིང་འབྲས་ཐོན་ལས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་བརྒྱུད། “གདོང་དཀར་ཁམ་བུའི་ལྡུམ་རའི”ཐོན་ལས་རྟེན་གཞི་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ་ཞོ་གྲོང་གྲོང་ཚོ་དང་ག་ཐོག་གྲོང་ཚོར་ཀུ་ཤུའི་སྡོང་པོ་དང་ཁམ་སྡོང་སོགས་སྡོང་ཕྲུག་རྐང་6000ལྷག་ཙམ་བཙུགས་པ་རེད།
ལོ་ལྟར་དཔྱིད་དུས་སུ། བསམ་གྲུབ་རྩེ་ཆུས་ནགས་ཚལ་རྩྭ་ཐང་ཅུས་དང་གདོང་དཀར་ཤང་གི་ལས་བྱེད་པ་དང་མང་ཚོགས་ཚང་མས་བྱེ་རྡོའི་ཁུལ་དུ་ཀོང་དོང་འདྲུ་བ་དང་ས་བརྗེ་བ། སྡོང་ཕྲུག་སྐྱོར་ནས་ས་རྒྱོང་བ། ཆུ་འདྲེན་པ་བཅས་བྱས་ཏེ་སྡོང་ཕྲུག་བཙུགས་ནས་གདོང་དཀར་ཁམ་བུའི་ལྡུམ་རའི་འདེབས་འཛུགས་གཞི་ཁྱོན་ཆེ་རུ་བཏང་བ་རེད།
མང་ཚོགས་ཀྱིས་འབྲས་ཤིང་བདག་སྐྱོང་གི་རྩལ་ནུས་ཁོང་དུ་ཡག་པོ་ཆུད་ཆེད། བསམ་གྲུབ་རྩེ་ཆུས་ནགས་ལས་རྩྭ་ཐང་ཅུས་ཀྱིས་ད་དུང་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཞིང་ནང་དང་མུ་ཁར་ཞོ་གྲོང་གྲོང་ཚོ་དང་ག་ཐོག་གྲོང་ཚོའི་མང་ཚོགས་ལ་རྩལ་ནུས་སློབ་པ་དང་། དམར་ཁྲིད་བྱེད་པ། “གཅིག་གཏད་གཅིག”གིས་སློབ་ཁྲིད་བྱས་ནས། རྒྱུན་གཏན་གྱི་ཤིང་འབྲས་བདག་སྐྱོང་ལ་འཕྲད་པའི་དཀའ་ངལ་ཐག་གཅོད་བྱས་ཐོག་མང་ཚོགས་ཀྱི་བདག་སྐྱོང་ནུས་པའང་ཆེ་རུ་བཏང་བ་རེད།
ལོ་ཐོག་ལོ་བརྩེགས་ཀྱིས་ཤིང་འཛུགས་ནགས་བཟོ་དང་ཉིན་ཐོག་ཉིན་བརྩེགས་ཀྱིས་བདག་སྐྱོང་ཞིབ་ཚགས་བྱས་མཐར། དཔྱིད་དུས་སྔོ་ཐིང་ཐིང་དང་སྟོན་དུས་འབྲས་བུ་བཟང་བའི་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། སྔོན་ཆད་བྱེ་རྡོས་ཁེངས་པའི་ཐང་རྒོད་དེ་ད་ཆ་འབྲས་ཤིང་མང་བ་དང་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་བའི་ཡུལ་ཞིག་ཏུ་གྱུར་ཡོད།
ད་ལོ་གདོང་དཀར་ཁམ་བུའི་ལྡུམ་ར་ནས་ལོ་གསུམ་ཁམ་བུ་དང་ཀུ་ཤུ་ཁྱོན་རྒྱ་མ་1000བསྡུ་ཐུབ་ཡོད། པད་མ་དབང་འདུས་ཀྱིས“མང་ཆེ་བ་མང་ཚོགས་ལ་བགོ་བཤའ་བརྒྱབ་རྗེས་ལྷག་མ་རྣམས་ཁྲོམ་རར་བཏོན་ན་རྒྱ་མ་གང་ལ་སྒོར་བདུན་བརྒྱད་ཙམ་རག་ཐུབ”ཅེས་རྩིས་བརྒྱབ་པ་དང་། ཡང་ཁོང་གིས“དངུལ་མང་པོ་མེད་ཀྱང་ཚང་མས་ལྡུམ་ར་དེས་ལྷགས་པ་དང་བྱེ་མ་འགོག་ཐུབ་པ་མ་ཟད། ད་དུང་ཡོང་འབབ་ཀྱང་གསོག་ཐུབ་པ་ཚོར་ཡོད”ཅེས་བཤད།
མཐོ་ས་ནས་མར་ལྟ་སྐབས་ཁམ་བུའི་སྡོང་པོ་སྐས་རིམ་བཞིན་སྟར་པ་བསྒྲིགས་ནས་སྔོ་ཐིང་ངེར་སྐྱེས་ཡོད། འོས་འགན་ཤིང་འཛུགས་ལས་རི་ལྡེབས་སྔོ་ལྗང་དུ་གྱུར་པ་མ་ཟད། ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་པ་རེད།
“ལྡུམ་ར་དེ་ལོ་རེ་ལས་མ་འདས་པར་རྒྱ་ཆེ་རུ་འགྲོ་བ་དང་ང་ཚོའི་འཚོ་བའང་ལོ་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད”ཅེས་པད་མ་དབང་འདུས་ཀྱིས་གསར་འགོད་པར་བཤད།
དཔྱིད་ཀ་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་བ་དང་། དབྱར་ཁ་གླིང་ག་གཏོང་བ། སྟོན་ཀ་ཁམ་བུའི་དྲོ་བ་མྱོང་བ་ལ་སོགས། གདོང་དཀར་ཁམ་བུའི་ལྡུམ་ར་ལས་སྐྱེ་ཁམས་ཀྱི་ཕན་པ་ཐོན་ནས་མང་ཚོགས་དེ་བས་མང་བར་དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་རག་ཡོད།