《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月30日

པར་ཆས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་སྐད་ཅིག་མ་པར་ལེན་བྱེད།

—— རི་བོ་ཆེ་རྫོང་གི་གྲོང་གསེབ་རིག་གནས་འཇོན་ཐང་ཅན་དབང་རྒྱལ་གྱི་སྐོར་བཀོད་པ།

ད་ལོ་ལོ་40ལ་སླེབས་པའི་དབང་རྒྱལ་ཤ་རིད་ཅིང་ངོ་ཚ་སྨིན་པ་དང་། ངོ་གདོང་ལས་གྲུང་ཤ་དོད་པའི་ཉམས་འགྱུར་ཞིག་མངོན་འོང་། གསར་འགོད་པས་ཁོང་མཐོང་སྐབས་ཁོང་ཁང་པ་གསར་པར་གཙང་སྦྲ་བྱས་ནས་དེ་སྒྲ་ཕབ་ཁང་དུ་སྒྱུར་རྩིས་བྱེད་བཞིན་མཆིས།

པར་རྒྱག་སྐོར་གླེང་སྐབས་དབང་རྒྱལ་གྱིས། དགའ་ཞེན་དེ་ནི་གཞོན་ནུའི་དུས་ནས་བསགས་པའི་སྒྲ་བརྙན་འོད་སྡེར་རེ་རེ་ལས་བྱུང་བ་ཞིག་རེད། བྱིས་པའི་དུས་སུ་ཁྱིམ་གྱི་VCDའོད་སྡེར་བརྒྱུད་ལྟད་མོ་ལྟ་སྐབས་རྗེས་སུ་རང་ཉིད་ཀྱིས་ཀྱང་བརྙན་ལམ་བརྩམས་ཆོས་པར་ལེན་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་བཤད།

དམའ་རིམ་སློབ་འབྲིང་འགྲིམ་སྐབས། དབང་རྒྱལ་རི་བོ་ཆེ་རྫོང་སློབ་འབྲིང་གི་ལས་རིགས་སློབ་གསོའི་འཛིན་གྲྭར་མཛེས་རྩལ་སློབ་སྦྱོང་བྱེད་པར་བསྐྱོད། མ་གཞི་བྱས་ན་རང་ཉིད་ཀྱི་དགའ་ཕྱོགས་མུ་མཐུད་སྦྱོང་ཐུབ་སྙམ་རུང་། གློ་བུར་དུ་ཐོན་པའི་ཁྱིམ་གྱི་འགྱུར་ལྡོག་ལས་ལྷིང་འཇགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས། པ་ཕའི་ཚོང་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཁྱིམ་ཚང་གི་འཚོ་བའི་འཁོས་ཀ་ཞན་པོར་གྱུར། འོན་ཀྱང་ཧ་གཉིད་གོ་བའི་དབང་རྒྱལ་གྱིས་སྔ་ས་ནས་འཚོ་བའི་ཁུར་པོ་ལྕི་པོ་ཕྲག་ཏུ་ཁུར་ཏེ་བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་གནམ་ས་གསར་པ་ཞིག་གཏོད་རྒྱུའི་སེམས་ཐག་བཅད།

ཁོང་གིས་གྲོང་ཚོ་ཁག་ཏུ་བསྐྱོད་དེ་ཡུལ་མིའི་ཁྱིམ་དུ་ལྡེབས་རིས་འབྲི་བ་དང་བཀྲག་རྩི་གཏོང་བ་སོགས་བྱས་ཏེ་ཡོང་འབབ་གསོག་ཐབས་བྱས། བསགས་པའི་དངུལ་དེ་དག་གིས་རང་ཉིད་ལ་ལག་ཐོགས་ཁ་པར་ཞིག་ཉོས་པ་དང་དེ་ནི་ཁོང་གི་པར་ལེན་འཕྲུལ་ཆས་དང་པོ་དེ་རེད།

ལག་ཐོགས་ཁ་པར་ཉོས་རྗེས་ཁོང་གིས་གཉིད་ཆག་ཟས་བརྗེད་ཀྱིས་བརྙན་ལམ་པར་ལེན་དང་བརྒྱུད་བསྐུར་བྱེད་འགོ་ཚུགས། ནང་མིས་ཁོང་ལ་ཆོ་མེད་ལས་ཀ་བཞག་ནས་ཡོང་འབབ་གསོག་ཐུབ་པའི་ལག་རྩལ་ཞིག་སྦྱོང་དགོས་པའི་ཁ་ཏ་བྱས་རུང་། དབང་རྒྱལ་གྱིས་སྔར་བཞིན་ཐོག་མའི་བསམ་འདུན་བརྟན་སྲུང་གིས་དགའ་ཕྱོགས་དེ་བློས་གཏོང་གཏན་ནས་མ་བྱས་པར་མུ་མཐུད་འབད་བརྩོན་ལྷོད་མེད་བྱས།

2014ལོར། དབང་རྒྱལ་གྱིས་བརྙན་པར་པར་ལེན་བྱེད་ཀྱིན་ལས་ཀ་ཙག་ཙིག་བྱས་ནས་བསགས་པའི་སྒོར་ཁྲི་7གྱི་ཐོག་གཉེན་ཉེའི་ས་ནས་གཡར་བའི་སྒོར་ཁྲི་13བསྣན་ཏེ་རི་བོ་ཆེ་རྫོང་གྲོང་དུ་བརྡ་ཁྱབ་ཀུང་སི་ཞིག་བཙུགས། ཐོག་མར་ལས་གཏོད་བྱེད་སྐབས་སེམས་ནང་གདོང་ཚོད་དེ་ཙམ་མེད་རུང་སྡུག་རུས་བྱས་ནས་ལས་ཀ་དེའི་རྒྱུན་བསྐྱངས།

ཀུང་སི་བཙུགས་རྗེས་ཚོང་བསམ་ཚོད་ལས་ཡག་པ་བྱུང་ཞིང་། བྲེལ་བ་ཆེ་དུས་ཉིན་གཅིག་ལ་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ཡོང་གི་ཡོད། ལོ་གཅིག་ཀྱང་མ་འགོར་བར་དབང་རྒྱལ་གྱིས་བུ་ལོན་ཚང་མ་འཇལ་ཐུབ་པ་མ་ཟད། ད་དུང་ལག་དངུལ་ཅུང་ཟད་ཀྱང་ལྷག

2016ལོར། དབང་རྒྱལ་གྱིས་གོ་སྐབས་བཟང་པོ་དེ་དང་བསྟུན་ནས་པར་རྒྱག་ལས་དོན་ཁང་ཞིག་བཙུགས་པ་དང་། རྒྱུན་གཏན་ཚོང་ལས་བརྡ་ཁྱབ་དང་གཉེན་སྒྲིག་དངོས་བྲིས་སོགས་ཀྱི་པར་ལེན་ལས་སྒོ་སྒྲུབ་ཀྱི་ཡོད་པས། གང་སར་པར་ལེན་བྱེད་པར་སྐྱོད་དགོས་ཀྱི་ཡོད། འོན་ཀྱང་ཁོང་ལས་ཀ་དེར་ཧ་ཅང་དགའ་པོ་ཡོད་པས་སྔ་ཕྱི་བར་གསུམ་དུ་ངལ་དུབ་ཀྱི་སྣང་བ་སྤུ་ཙམ་ཡང་ཡོང་གི་མེད།

2025ལོར། དབང་རྒྱལ་གྱིས་རི་བོ་ཆེ་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་བརྙན་ཐུང་གསར་རྩོམ་རྣམ་གྲངས་ཡོད་པ་གོ་ཐོས་བྱུང་བས། ཁོང་གིས་རང་ཉིད་ལ་གོ་སྐབས་རག་སོང་སྙམ་པ་དང་། “ཆུང་དུས་ནས་དགའ་ཞེན་བྱེད་པའི་པར་རྒྱག་ལག་རྩལ་དེ་མི་དེ་བས་མང་བར་ངོམ་སྟོན་བྱེད་པའི་གོ་སྐབས་བྱུང་བས་དགའ་ཚོར་ཆེན་པོ་སྐྱེས་བྱུང”ཞེས་བཤད།

ཁོང་གིས་རྒྱུག་ཤར་གློད་ཀྱིན་ནང་ལ་ལོག་ནས་ནང་མི་ཚང་མ་སྐུལ་སློང་བྱས་ཏེ་བཟའ་ཟླས་འཁྲབ་སྟོན་པ་གཙོ་བོ་བྱེད་པ་དང་དགའ་ཉེ་སྤུན་མཆེད་འཁྲབ་རོགས་བྱེད་དུ་བཅུག་སྟེ་ཆུང་བྱིས་པའི་དུས་ནས་དགའ་ཞེན་བྱེད་པ་དག་པར་གཞི་རེ་རེ་ལས་མངོན་པར་བྱས།

ལོ་གཉིས་བསྟུད་མར་རྫོང་གི་ཨང་དང་པོ་བླངས་པས་དབང་རྒྱལ་གྱིས་གྲོང་ཁྱེར་རིམ་པའི་འགྲན་རར་ཉམས་འགྱུར་ངོམ་རྒྱུའི་བློ་སྟོབས་སྐྱེས།

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་གྱིས་དབང་རྒྱལ་དང་འདྲ་བར་འཚོ་བར་དགའ་ཞེན་དང་འཚོ་བར་ལྟ་སྟངས་ནན་ཏན་འཛིན་མཁན་མང་པོར་རང་ཉིད་ཀྱི་དགའ་མོས་ངོམ་སའི་གར་སྟེགས་ཤིག་བསྐྲུན་ཡོད་ཅིང་། དེ་ལས་ཁོང་ཚོར་བློ་ཁོག་ཆེན་པོས་རང་ཉིད་ངོམ་སྟོན་བྱེད་པར་ལྕག་སྐུལ་ཐེབས་པ་མ་ཟད། མི་ཚང་མར་རང་ཉིད་ཀྱིས་དགའ་མོས་ཡོད་སའི་ཁྱབ་ཁོངས་སུ་བྱས་རྗེས་འཇོག་ཐུབ་ངེས་ཡིན་པའི་དྲན་སྐུལ་ཡང་བྱེད་བཞིན་ཡོད།