《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月11日

ཡར་ཀླུང་གཙང་པོའི་བྱང་ངོགས་སུ་ཤིང་འཛུགས་ནགས་བཟོའི་ལས་ལ་གཞོལ།

འདི་ནི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་རྣམ་གླིང་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་སྟོན་གྱི་མཛེས་ལྗོངས་ཡིན་པ།

གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་ཨེ་མ་ཟམ་ཆེན་སྟེང་ལངས་ནས་རྒྱང་ལྟ་བྱེད་སྐབས། ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་ཤིང་ནགས་གཅིག་ལ་གཅིག་འཁྱུད་དང་། ཞིང་ཁ་གཅིག་ལ་གཅིག་སྦྲེལ། ཆུ་ཡུར་གཅིག་ལ་གཅིག་མཐུད། འགྲོ་ལམ་གཅིག་ལ་གཅིག་བསྲིངས་ཏེ། ལྟ་ན་སྡུག་པའི་རི་ཀླུང་གི་མཛེས་ལྗོངས་ཤིག་དང་གཉིས་སུ་མ་མཆིས།

དེ་སྔ་ཐལ་རྡུལ་གྱིས་ཁེངས་པ་དང་རྩྭ་རྩི་ཤིང་ཐར་ཐོར་ལས་མེད་པ་ནས་ད་ཆ་ལྗོན་ཤིང་གིས་ཁེངས་པའི་བར་རྣམ་གླིང་བས་ལོ་20ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ལག་བསྟར་བྱེད་པའི་མཚམས་སུ་གསར་འགོད་པས་རྣམ་གླིང་རྫོང་དུ་ཡོང་ནས་རྣམ་གླིང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ། རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་རྒྱུགས་ལན་ཇི་ལྟར་འབུལ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་ཡིན།

བྱེ་རླུང་ཁྲོད་དུ་དམངས་ལ་ལྗང་མདོག་གི་ས་བོན་བཏབ་པ།

“དེ་སྔ་ཕྱིར་འགྲོ་སྐབས་མགོ་རས་མ་གྱོན་ན་ཁྱིམ་དུ་ལོག་སྐབས་རྣ་ཅོག་བྱེ་མས་རྒྱོང་གི་རེད”ཅེས་དང“སྒོ་རའི་ནང་གྱོན་ཆས་སྐམ་ཕོད་ཀྱི་མི་འདུག གང་ལགས་ཤེ་ན་ལྷགས་པ་བརྒྱབ་ནས་ཚང་མ་བྱེ་མས་སྐྱ་ཐེར་ཐེར་བཟོ་གི་རེད”ཅེས་ཨེ་མ་ཤང་སྲམ་པ་གྲོང་ཚོའི་ཡུལ་མི་ཆོས་འཕེལ་གྱིས་བརྗོད།

“ཆུང་དུས་གྲམ་ཐང་དུ་ལུག་འཚོ་སྐབས་གླ་ཚེར་ཕུད་པའི་རྩི་ཤིང་གཞན་མཐོང་རྒྱུ་མེད། དགུན་ཁ་ཤར་རིམ་བཞིན་ཞིང་ཁའི་རྣང་མ་ཚང་མ་བྱེ་མས་ཁེངས་པས་དཔྱིད་རྨོད་མ་བྱས་གོང་ཉིན་བཅུ་གྲངས་བྱེ་མ་འཕྱག་དགོས་ཀྱི་རེད། ས་ཆུ་ཤོར་བ་དང་མྱ་ངམ་ཐང་དུ་འགྱུར་ཚབས་ཆེ་བའི་རྐྱེན་གྱིས་ལོ་ལྟར་ལྗོན་ཤིང་བཙུགས་ཀྱང་ཡག་པོ་སྐྱེ་གི་མི་འདུག”ཅེས་སྲམ་པ་གྲོང་ཚོའི་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་བཀྲ་ཤིས་ཀྱིས་བརྗོད།

2007ལོར། ཝུའེ་ཧྥང་གྲོང་ཁྱེར་གྱི་ཁག་གསུམ་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་རྣམ་གླིང་དུ་འབྱོར། བརྟག་ཞིབ་བྱེད་སྐབས་གནས་ཚུལ་ཞིག་ལ་ཁོང་ཚོས་དོ་སྣང་བྱུང་བ་སྟེ། མང་ཚོགས་མི་ཉུང་བ་ཞིག་གི་སྒོ་འགྲམ་དུ་རང་ཉིད་ཀྱིས་ལྗོན་ཤིང་བཏབ་ཡོད་རུང་། རྒྱང་རིང་གི་རི་སྟེང་དང་གཙང་འགྲམ་ཚང་མ་སྐྱ་ཐེར་ཐེར་རེད།

ལྗོན་ཤིང་དེ་དག་ལ་གྲོང་མིས་རས་ཀྱིས་ཡག་པོ་བཏུམས་ནས་སྲུང་སྐྱོང་བྱེད་པ་མཐོང་སྐབས་ཝུའེ་ཧྥང་གྲོང་ཁྱེར་གྱི་ཁག་གསུམ་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་སྐབས་དེ་དུས་ཀྱི་རྣམ་གླིང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཀུའུ་ཅན་ཧྭ་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས“དེ་ཐོག་ནས་ཚང་མས་ལྗོན་ཤིང་སྐྱེ་ཐུབ་པའི་རེ་སྒུག་ཆེན་པོ་བྱེད་པ་མཚོན་གྱི་ཡོད”ཅེས་བརྗོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

མུ་མཐའ་མེད་པའི་ཐང་རྒོད་དེ་མཐོང་སྐབས་བོད་སྐྱོར་ལས་བྱེད་པ་ཚོར་སེམས་ཁྲལ་ཞིག་བྱུང་བ་སྟེ། ལྕང་མ་དངོས་འབྲེལ་འདེབས་ཐུབ་བམ། ལྕང་མ་བཏབ་པའི་གོང་གི་ལོ་གསུམ་པོར་གྲུབ་འབྲས་ཧ་ལམ་ཐོབ་མི་སྲིད། ཡིན་ནའང་དེ་གར་ལྕང་མ་གསོན་ཐུབ་ན་དེ་གའི་སྐྱེ་ཁམས་ལེགས་སུ་འགྲོ་རྒྱུ་མ་ཟད། ས་རྒྱུ་གཤིན་པོར་འགྱུར་ནས་མི་རབས་ཁ་ཤས་ལ་ཕན་པའང་ཐོབ་རྒྱུ་རེད།

“2002ལོར་ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་དང་པོས‘ཝུའེ་ཧྥང་གླིང་ཁ’བསྐྲུན་ནས་རྣམ་གླིང་རྫོང་གྲོང་དུ་སྔོ་ལྗང་གིས་བརྒྱན། ང་ཚོས་ལོ་གསུམ་འབད་བརྩོན་བྱས་ཏེ་མུ་མཐུད་རྣམ་གླིང་གི་གང་སར་སྔོ་ལྗང་གིས་བརྒྱན་ཐུབ་པར་བྱེད་ཀྱི་ཡིན”ཞེས་ཀུའུ་ཅན་ཧྭ་ཡིས་བརྗོད།

དམངས་ཀྱི་རེ་སྒུག་ནི་སྲིད་ཀྱི་གཉེར་ཕྱོགས་ཡིན། 2008ལོའི་དཔྱིད་ཀར་རྣམ་གླིང་རྫོང་གི་ལོ་རྒྱུས་ཐོག་གི་ནགས་ལས་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། དེ་རྗེས་ཁག་དང་པོའི་སྡོང་ཕྲུག་ཆིག་སྟོང་ལྷག་ཙམ་རྫོང་གྲོང་གི་མཐའ་འཁོར་དང་ཤངས་ཆུའི་ངོགས་སུ་བཙུགས་ནས“ལྗང་མདོག་རྒྱང་སྐྱོད”ཀྱི་ལས་དོན་རྒྱུན་མཐུད་སྤེལ་འགོ་ཚུགས།

2014ལོར། བོད་ཀྱིས“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་གྱི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས། “སྐབས་དེ་དུས་གྲམ་ཐང་དུ་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་། རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚང་མ་ཤིང་འཛུགས་ལས་ལ་ཞུགས་ཡོད། ལས་ཀ་ཚར་སྐབས་ཚང་མ་ཐལ་བ་འཚུབ་འཚུབ་ཏུ་གྱུར་ཀྱང་ཚང་མའི་ངོ་གདོང་ལ་འཛུམ་གྱིས་ཁེངས་འདུག”ཅེས་སྐབས་དེ་དུས་ཀྱི་རྫོང་དཔོན་ཝང་ཏིང་ཧྥུང་གིས་སྐབས་དེའི་རྣམ་པ་དྲན་གསོ་བྱེད་བཞིན་བརྗོད།

མུ་མཐུད་འབད་བརྩོན་ལྷོད་མེད་བྱེད་པ།

ཉེ་བའི་ལོ་20ཡི་རིང་། རྣམ་གླིང་རྫོང་གིས་རིམ་རྩིས་བརྒྱབ་ན། མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི་10.02བྱས་པ་དང་། སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་500ལྷག་ཙམ་འདེབས་འཛུགས་བྱས་པ། ལྗང་མདོག་བར་ཁྱམས་ཀྱི་ནགས་དྲ་དང་ཆུ་ཡུར་སྤྱི་ལེ་100བསྐྲུན་ཡོད།

གྲངས་ཀ་དེ་དག་ནི་མི་རྣམས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པའི་མངོན་ཚུལ་རེད།

2007ལོ་ནས་2026ལོ་བར་དུ་རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་སྐབས་མང་པོ་བརྗེས་པ་དང་བོད་སྐྱོར་ལས་བྱེད་པ་ཁག་མང་པོ་བརྗེས་མོད། འོན་ཀྱང“གྲམ་ཐང་སྔོ་ལྗང་ཅན་དུ་འགྱུར་བའི”རྒྱུན་ཆད་མྱོང་མེད།

2025ལོའི་ཟླ་7པར་ཝུའེ་ཧྥང་གི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པའི་རུ་སྣེ་ཁྲིད་མཁན་ལི་ལེན་ཕིང་གིས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་ལྗོངས་གཟིགས་སྟེགས་བུའི་ཐོག་ལངས་ཏེ། མདུན་གྱི་སྔོ་ལྗང་ཁུལ་ལ་མཛུབ་མོ་འཛུགས་བཞིན་དུ་འབྱོར་མ་ཐག་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་དགུ་པའི་རུ་སྣེ་ཁྲིད་མཁན་ཝང་ལེ་ལ“སྔོ་ལྗང་ཁུལ་དེ་དག་ནི་ང་ཚོའི་བོད་སྐྱོར་ལས་བྱེད་པ་ཁག་རེ་རེ་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་མཉམ་དུ་བཏབ་པ་རེད”ཅེས་བརྗོད།

ལེ་དབར་སྟོང་གི་སར་ཡོད་པའི་ཀུའུ་ཅན་ཧྭ་ཡིས་བོད་སྐྱོར་སྐད་འཕྲིན་ཚོགས་པའི་ནང་ནས་བོད་སྐྱོར་ལས་བྱེད་པ་ཁག་གཅིག་གིས་བསྐུར་བའི་བརྙན་ཐུང་མཐོང་སྐབས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ“དངོས་འབྲེལ་ཧང་སངས་དགོས་པ་ཞིག་འདུག ལོ་མང་པོའི་རིང་ལ་རྒྱུན་འཁྱོངས་ཐུབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མ་རེད”ཅེས་བརྗོད།

རྒྱུ་མཚན་གང་ཞིག་གིས་ལས་ཀ་འདིའི་རྒྱུན་བསྐྱངས་པ་ཡིན་ནམ།

འཆར་གཞི་གཅིག་ལ་བརྟེན་ནས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། རྣམ་གླིང་གིས་ཐོག་མཐའ་བར་གསུམ་དུ་དཔེ་སྟོན་ཁུལ་གྱི་སྤྱིའི་འཆར་འགོད་ལྟེ་བར་བྱས་པ་དང་རྗེས་མཐུད་ཁག་ཐེངས་ཀྱིས་ལེགས་སྒྱུར་རིམ་སྤོར་བྱས་པ་ལས་ཡང་སྐོར་བསྐྱར་སྐོར་བྱས་མེད།

མ་འཇོག་ལམ་སྲོལ་ལ་བརྟེན་ནས་འགན་ལེན་བྱས་ཤིང་། བོད་སྐྱོར་མ་དངུལ་དང་། རང་སྐྱོང་ལྗོངས་ཀྱི་མ་འཇོག མང་ཚོགས་ཀྱི་ངལ་ནུས་འདོན་སྤེལ་སོགས་རྣམ་པ་སྣ་ཚོགས་བརྒྱུད། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་5.38བཏང་བའི་ནང་ནས་ཝུའེ་ཧྥང་གི་བོད་སྐྱོར་མ་དངུལ་སྒོར་ཁྲི་6000ལྷག་ཙམ་གཙོ་བོ་སྡོང་ཕྲུག་ར་བ་དང་། ལག་རྩལ། ཆུ་བེད་བཅས་འགན་ལེན་གྱི་རྣམ་གྲངས་ལ་སྤྱད་ཡོད།

གདམ་ག་གང་འདྲ་ཞིག་བྱས་ན་སྲིད་དོན་ལས་རྗེས་དེ་འདྲ་བ་ཞིག་ཐོབ།

“བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། རྣམ་གླིང་རྫོང་དེ་ཉིད་ཡར་ཀླུང་གཙང་པོའི་དབུས་སྟོད་རྒྱུད་ཀྱི་ལྟེ་བའི་ཁུལ་དུ་ཡོད་པས་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ཧ་ཅང་ལྕི་པོ་ཡོད། ང་ཚོ་སྲིད་གཞུང་གིས་སྐེ་རགས་དམ་དུ་གཏོང་དགོས་བྱུང་རུང་གཏོང་ཀྱང་བྱེད་པ་ལས། སྐྱེ་ཁམས་ལ་བརྟེན་ནས་དུས་ཐུང་གི་དཔལ་འབྱོར་ཕན་འབྲས་ཐོན་ཐབས་བྱེད་ཀྱི་མིན”ཞེས་རྣམ་གླིང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་སྤེན་པས་བརྗོད།

སྔོ་ལྗང་ལྗོངས་སུ་བདེ་སྐྱིད་འཚོ་བར་རོལ་བ།

གྲངས་གཞི་ལས་འགྱུར་ལྡོག་མཚོན་ཞིང་། ད་ཆ་རྣམ་གླིང་རྫོང་གྲོང་གི་མཐའ་འཁོར་དུ་བྱེ་རླུང་ལྡང་བའི་ཉིན་གྲངས་2014ལོ་ལས་གསུམ་ཆ་གཅིག་ཉུང་དུ་ཕྱིན་ནས། མཁའ་རླུང་ནང་གསོ་རླུང་འདུས་ཚད་5%མཐོ་རུ་ཕྱིན་པ་དང་མཁའ་རླུང་བརླན་ཚད་10%མཐོ་རུ་ཕྱིན་པ་སོགས།

འགྱུར་ལྡོག་མཐའ་དག་མཐར་མི་དམངས་ཀྱི་འཚོ་བའི་ནང་ནས་མངོན་ཡོད།

ཨེ་མ་ཤང་དུ་སྐྱེ་ཁམས་སྲུང་བཅད་ཀྱིས་ཉེ་འཁོར་གྱི་ས་ཞིང་མུའུ་ཁྲི་2སྲུང་སྐྱོང་ཐུབ་པ་མ་ཟད། ད་དུང་མང་ཚོགས་ཚོས་དེ་སྔོན་སྐྱ་ཐེར་ཐེར་གྱི་ས་ཆ་མུའུ་5000གསར་སྦོལ་བྱས་ནས་ཞིང་ཁ་བཟོས།

“འདི་གར་དེ་སྔོན་ཐང་རྒོད་རེད”ཅེས་ཤང་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་ས་ཁོད་སྙོམས་པའི་ས་རྒྱུ་གཤིན་པོར་མཛུབ་མོ་འཛུགས་བཞིན་དུ“ནགས་ཚལ་མང་པོ་སྐྱེས་རྗེས་བྱེ་རླུང་ཆུང་དུ་ཕྱིན་པ་དང་ས་བཅུད་ཆེ་རུ་ཕྱིན་པས་ད་ཆ་ཞོག་ཁོག་ཀྱང་འདེབས་ཀྱི་ཡོད”ཅེས་བརྗོད།

ན་ནིང་ངའི་ཁྱིམ་གྱིས་ཞོག་སོན་རྒྱ་མ་ཁྲི་1.2ལྷག་ཙམ་བཙོངས་པར་ཡོང་འབབ་ཡག་པོ་རག་བྱུང་། ད་ལོ་སླར་ཡང་ཞོག་ཁོག་མུའུ་16བཏབ་པ་ཡིན། འཚོ་བ་ཉིན་རེ་ལས་མ་འདས་པར་སྐྱིད་དུ་འགྲོ་གི་འདུག་ཅེས་ཨེ་མ་ཤང་སྲམ་པ་གྲོང་ཚོའི་ཡུལ་མི་རྟ་མགྲིན་ཆོས་འཕེལ་གྱིས་གསར་འགོད་པར་བརྗོད།

དཔེ་སྟོན་ཁུལ་བསྲུངས་ནས་ད་བར་ལོ་12སོང་བའི་ནགས་སྲུང་བ་ཉི་མ་དངོས་གྲུབ་ཀྱིས་ས་ཆ་དེ་བྱེ་སས་ཁེངས་པ་ནས་སྔོ་ཐིང་ཐིང་དུ་གྱུར་པའི་བར་གྱི་དཔང་པོ་བྱས་ཤིང་། ཁོང་གིས“ངས་བསྲུངས་པ་ནི་ལྗོན་ཤིང་ཙམ་མིན་པར། ང་ཚོའི་ལྟོ་གོས་རེད་ལ། བུ་ཚའི་མ་འོངས་ཀྱང་རེད”ཅེས་བརྗོད་མ་ཐག་རྡོག་ཁྲེས་རྒྱབ་ཏུ་ཁུར་བ་དང་ལྕང་མ་འཁར་རྒྱུག་ཏུ་བྱས་ཏེ་ནགས་ཚལ་ཁྲོད་དུ་བསྐྱོད། ནགས་ཚལ་དེས་ཉེ་འཁོར་གྱི་ཡུལ་མིར་སྐྱེ་ཁམས་ལས་གནས་ཁྲི་1.5ལྷག་ཙམ་མཁོ་འདོན་ཐུབ་ནས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་4000བྱུང་ཡོད།

བྱེ་རླུང་ཆེན་པོ་ལྡང་བ་ནས་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་བར། རྣམ་གླིང་རྫོང་གིས་ལོ་20ལྷག་ཙམ་འབད་འཐབ་བྱས་ཤིང་། “ནགས་བཟོ་སྔོ་འགྱུར་གྱི་སྐྱེ་ཁམས་ཕན་འབྲས་མངོན་གསལ་དོད་པོ་མེད་རུང་། ཕུགས་ལ་བལྟས་ཚེ་ཁོར་ཡུག་ལེགས་སུ་འགྲོ་བ་དང་། གནམ་གཤིས་ཡག་ཏུ་འགྲོ་བ། རྨོ་ཞིང་མང་དུ་འགྲོ་བ་བཅས་དངོས་དངོས་རྗེན་རྗེན་གྱི་དམངས་འཚོའི་ཕན་པ་ཐོབ་རྒྱུ་རེད། རིན་ཐང་དེ་དག་GDPཡིས་ཚོད་དཔག་བྱེད་ཐབས་བྲལ་བ་ཞིག་རེད”ཅེས་ཡུལ་མི་སྤེན་པས་མྱོང་ཚོར་ཟབ་མོས་བརྗོད།

“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པར། རྣམ་གླིང་རྫོང་ལ་སླར་ཡང་དམིགས་ཚད་གསར་པ་ཞིག་ཡོད་པ་སྟེ། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ཧུར་ཐག་བསྐྲུན་ཏེ། སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་རེད།