དཔྱིད་ཀ
ལྷོ་མཐའ་གཡུ་འབྲུག་སྒྲ་དབྱངས་ལྷང་ལྷང་ལྡིར། །
ས་གཞིར་སྣུམ་ཞག་མར་ཁུ་ལྟེམས་སེ་ལྟེམས། །
གངས་ཆུ་རྫ་ཆུའི་བཞུར་སྒྲ་ཤགས་སེ་ཤགས། །
རྩྭ་ལྗང་མྱུ་གུ་མེ་ཏོག་འབུས་འགོ་ཚུགས། །
དབྱར་ཁ།
རི་ལུང་སྨུག་སྤྲིན་ན་བུན་འཐིབས་སེ་འཐིབས། །
ཡིད་འོང་བྱ་བྱིའུ་སྐད་སྙན་ཀྱུ་རུ་རུ། །
དབྱིག་འཛིན་བུ་མོས་ལྗང་མདོག་ལྭ་བ་བཞེས། །
དཀར་དམར་མེ་ཏོག་སྣ་ལྔའི་འཕྱོར་རྒྱན་སྤྲས། །
སྟོན་ཁ།
སྔོ་བསངས་སྒེག་མོའི་ལང་ཚོ་སྔར་བས་བཀྲ །
རི་ལུང་གསེར་ཞག་གཟི་འོད་ལམ་ལམ་འཕྲོ། །
འབྲུ་དྲུག་སྙེ་མའི་འབྲས་བཟང་དུད་སེ་དུད། །
ཁྲུང་ཁྲུང་སྟར་པ་བསྒྲིགས་ནས་ལྷོ་རུ་འཕུར། །
དགུན་ཁ།
ཁ་བའི་འདབ་མ་ལྷབ་ལྷུབ་ས་ལ་ཟགས། །
ནོར་འཛིན་དངུལ་དཀར་མེ་ལོང་རང་མདངས་འཛིན། །
ཤང་ཤང་དལ་འགྲོ་སྔོན་མོ་གཉིད་དུ་ཡུར། །
དྲི་བཞོན་བུ་མོས་ཁེར་གླུ་ཤབ་ཤུབ་ལེན། །