《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月11日

༄༅། །གངས་ལྗོངས་སྐྱིད་པའི་འཕྲིན་བཟང་།

གྲ་གཉེན་ཚེ་རྒྱལ།

ནམ་མཁའ་གཡུ་ཡི་མེ་ལོང་ངོས་སུ་སྤྲིན་གྱི་བུ་མོས་བང་རྩལ་འགྲན། །

ཁོ་ར་ཁོར་ཡུག་མེ་ཏོག་མཛེས་ལ་རི་དྭགས་གཅན་གཟན་བག་ཡངས་རྒྱུ། །

ཤ་ཤེད་རྒྱས་པའི་ཕྱུགས་རིགས་དཀར་ནག་སྐར་ཚོགས་ཐང་ལ་བཀྲམ་པ་འདྲ། །

མཁའ་རླུང་གཙང་ལ་སྦགས་བཙོག་མེད་པས་གླིང་སྣེ་གསུམ་པའི་ཡུལ་ཞེས་བསྟོད། །

མཐོ་མཐོ་ས་འཛིན་ལུས་སྟོབས་ཆེ་ལ་གངས་དཀར་དབུ་ཞྭའི་ཅོད་པན་བཞེས། །

ཡངས་ཡངས་འབྱམས་ཀླས་ནོར་འཛིན་ལྟེ་བར་མཚོ་དང་མཚེའུའི་མེ་ལོང་མཛེས། །

ལྡིང་ལྡིང་ཐང་དཀར་སིང་གླུ་ལེན་ཞོར་ཨ་སྔོན་དབྱིངས་སུ་གཤོག་འགྱུར་ངོམ། །

ཤང་ཤང་ཆུ་བོ་ལྷུང་ལྷུང་བབས་པས་སྲོག་ལྡན་ཚོགས་ཀྱི་གདུང་བ་སེལ། །

རབ་ཡངས་ས་གཞི་པདྨའི་མངལ་དུ་ལྷུན་གྲུབ་རིན་ཆེན་གཏེར་ཁ་སྦྲུམ། །

རབ་དཀར་བྱང་སེམས་རྩ་བ་བརྟན་པས་སྣོད་བཅུད་ཞི་མཐུན་བདེ་བར་གནས། །

རབ་མང་མཁས་དབང་སོར་རྩེ་ལས་འཁྲུངས་བཅུ་ཕྲག་རིག་པའི་ནོར་བུ་ཡིས། །

རབ་གསལ་འོད་མདངས་ལྷམ་མེར་འཕྲོ་དུས་བཅུ་གཉིས་བདག་པོ་མོག་པོར་བཅོས། །

མི་རྒན་ཚེ་རིང་གཞོན་པར་བྱམས་ཤིང་གཞོན་སྐྱེས་བུ་ལོ་རྒན་ལ་བཀུར། །

མི་རིགས་མཛའ་མཐུན་སེ་འབྲུའི་རྡོག་པོ་མཐུན་པ་སྤུན་བཞིའི་དཔལ་ལ་འགྲན། །

ཡ་རབས་སྲོལ་བཟང་དར་སྤེལ་མཛད་དེ་སྲིད་གཙང་སྤྱོད་གཙང་འདུན་མར་བསུས། །

དུས་རབས་གསར་པའི་བོད་ལྗོངས་གསར་པས་འོད་སྟོང་འབར་བའི་ལེའུ་གསར་རྩོམ། །

རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་ཏེ་གདེང་ཚོད་བཞི་པོ་མགྲོན་དུ་བཀུག །

དཔལ་འབྱོར་དར་རྒྱས་ཇུས་གཞི་ཆེན་པོས་འབབ་འཕར་འཆར་གཞི་ལེགས་པར་གྲུབ། །

ཞོར་ལས་བྱ་གཞག་སྣ་ཚོགས་གཉེར་བས་ཞིང་གྲོང་བུ་མོས་འཛུམ་ཞལ་ངོམ། །

སྲིད་བཟང་དུས་བཟང་ལྷན་དུ་འཆར་བས་གྲོང་གསེབ་དར་རྒྱས་ཚ་རླབས་འཕྱུར། །

དྲ་སྒོ་ཡངས་པོས་ཆ་འཕྲིན་ཕོ་ཉ་གངས་ལྗོངས་ཡུལ་དུ་བསུ་བའི་དུས། །

བྱ་གཞག་གསར་གཏོད་གཏམ་རྒྱུད་སྣ་ཚོགས་ཉི་ཁུག་རྒད་པོའི་ངག་ནས་ཐོས། །

ན་བརྟེན་འཆི་བརྟེན་འཚོ་འཚིས་འགན་ལེན་བསྐལ་པ་བཟང་པོ་ཤར་བ་ན། །

རྒན་མོ་གསེར་ཁུར་དུས་བསྐལ་བཟང་པོ་མ་བོས་གངས་ལྗོངས་མགྲོན་དུ་བྱོན། །

འབྱོར་འབྲིང་བསྐལ་བཟང་མངོན་དུ་འགྱུར་ཞིང་འབྱོར་ཕྱུག་འཚོ་བ་ཀླུ་ལ་འགྲན། །

འབྱུང་འགྱུར་འཚོ་བ་མཛེས་སྡུག་ལྡན་ལ་ཕུགས་བསམ་དེ་ཡང་དོན་དང་ལྡན། །

དུས་རབས་ཉེར་གཅིག་མཚར་སྡུག་ལྡན་ཞིང་འཚེ་མེད་ཞི་བདེའི་ཞིང་ཁམས་སུ། །

གངས་ལྗོངས་སྐྱིད་པའི་འཕྲིན་བཟང་འདི་ཀོ་ལྕེ་བརྒྱས་སྨྲས་ཀྱང་ཚར་དུས་མེད། །