སྟོན་ཁ་རྐང་འཇབ་ལག་འཇབ་ཀྱིས་རྫོང་རྒྱབ་ཀླུ་ཁང་དང་ནོར་བུ་གླིང་གའི་གསེར་མདོག་གི་ལོ་མའི་གསེང་ནས་མངོན་བྱུང་ལ། སྐྱིད་ཆུའི་འགྲམ་ན་སྐར་མ་རྀ་ཥྀའི་ཁྲུས་སྟོན་ལ་རོལ་བའི་མི་ཚོགས་ཀྱི་འཛུམ་མདངས་ཀློང་ནས་སླེབས་བྱུང་། དེ་མིན་ལོ་ཟླའི་རི་མོ་དཔྲལ་གཉེར་ལ་ཕབ་པའི་ཞིང་པ་ཚོའི་སྙིམ་པའི་བར་ནས་འཛུམ་བྱུང་།
བྱ་ཁྱུ་ལྷོ་རུ་སྙེག་པའི་སྟོན་གྱི་དུས་ཚིགས་འདི་ལ། རྩྭ་ཐང་སྟེང་དུ་འབྲོང་གཡག་ངར་མས་ཤེད་ཤུགས་རྭ་རྩེར་འགྲན་ཞིང་། ཞིང་ཐང་སྟེང་དུ་ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ། སྤོས་ཤེལ་གྱི་དོ་ཤལ་འཆིང་བ་ལྟ་བུའི་རྒྱབ་རིའི་ལྗོན་ཤིང་ཚོགས་དང་། ཉི་ཟླའི་རྣ་ཆ་བཏགས་པའི་ས་འཛིན་གྱི་ཕུང་པོའི་ཚོགས། དེ་མིན་རེག་ན་ཐོར་ཨེ་འགྲོ་སྙམ་པའི་གསེར་གྱི་ལོ་མ་དག་དང་། བི་ཤྭ་ཀརྨའི་པིར་རྩེ་ནས་ཐོན་པ་ལྟ་བུའི་སྟོན་གྱི་ཉམས་སྣང་དག་རྒྱང་རིང་ནས་བལྟས་ཚེ། མི་ཡུལ་གྱི་མཛེས་པ་ཐམས་ཅད་གཞི་གཅིག་ཏུ་འདུས་པ་དང་གཉིས་སུ་མ་མཆིས།
འདི་ལྟར། ཡོད་ཚད་ཀྱི་མིག་ཀོང་སྤྲོ་དགས་འཛུམ་ཞིང་། ཐམས་ཅད་ཀྱི་ངོ་བོ་གསེར་དུ་བསྒྱུར་བའི་འབྲས་ལྡན་གྱི་དུས་ཚིགས་འདི་ལ། འབྲོག་པ་རྣམས་རི་སྤོ་སྐྱས་འགེལ་གྱི་ལས་ལ་བྲེལ་ཞིང་། ཞིང་པ་རྣམས་སྟོན་བསྡུའི་ལས་ལ་བྲེལ་བཞིན་འདུག དེ་མིན་ཡུལ་གྲོང་འདིའི་ཤིང་འབྲས་ཀྱི་སྡོང་པོ་དག་གི་རྩེ་རུ་སྟར་ཁ་དང་ཀུ་ཤུ། ཁམ་བུ་སོགས་ཀྱི་འབྲས་བུ་ཁུར་དུ་དུད་ཅིང་། སྲང་ལམ་གྱི་ཕྱི་ནང་གང་སར“ཤིང་ཏོག་ཉོ་བར་ཤོག”ཅེས་སྟོན་གྱི་འབྲས་བཟང་ཚོང་གཉེར་བྱེད་པའི་རྣམ་པ་མངོན། དེ་མིན་སྤྱི་གླིང་གི་རྐུབ་སྟེགས་ནར་མོའི་སྟེང་དུ་རྒན་རྒོན་ཚོས་སྤྲོ་དགའི་ངང་ཅི་འཕྲོས་མོལ་འཕྲོས་ཀྱིས་སྟོན་གྱི་ཉམས་སྣང་ལོངས་སུ་སྤྱོད་ཀྱིན་འདུག
དགོང་མོར། སྒོར་འཁྱིལ་ལེར་མཆིས་པའི་ཉ་གང་ཟླ་བའི་བསིལ་འོད་འོག་ཏུ། གེ་སར་རྒྱལ་པོ་གཡུལ་ལས་རྒྱལ་ཚུལ་ལ་དགོད་སྒྲ་སྒྲོག་བཞིན་སྤོ་བོའི་སྒྲུང་རབས་ལ་ཉན་པའི་དུས་ཚོད་དེ་ནི་ཏག་ཏག་བརྒྱད་པའི་བཅོ་ལྔ་རེད། སྐབས་དེར་བྱིས་པ་ཚོས་སྤོ་བོའི་སྒྲུང་ལ་ཉན་ཞོར་དུ། སློབ་འགོ་ཚུགས་པ་ནས་ད་ལྟའི་བར་གྱི་སྦྱངས་འབྲས་དག་ཕན་ཚུན་ལ་སྙན་སེང་ཞུ་བཞིན་མཆིས་ལ། དགོད་སྒྲ་དང་འཛུམ་མདངས་ལ་ཉན་ན་ཁོང་ཚོས་ཀྱང་སྟོན་གྱི་འབྲས་བཟང་ལོན་ཡོད་པའི་སྣང་བ་བཅོས་མིན་དུ་སྟེར།
སྟོན་ཁ་ནི་མཛེས་སྡུག་གིས་ཀུན་ནས་གཏམས་པའི་དུས་ཚིགས་ཤིག་ཡིན་ལ། གྱེས་བྲལ་གྱི་གདུང་བས་མནར་བའི་དུས་ཚིགས་ཤིག་ཀྱང་ཡིན་ཏེ། སྟོན་ཁ་ལགས། ཁྱེད་ཀྱིས་གསན་པ་ཨེ་བྱུང་། སྟོན་མཇུག་འདིར། མཛེས་སྡུག་གི་མེ་ཏོག་དང་གསེར་མདོག་གི་ལོ་མ། ལྗང་མདོག་གི་རྩྭ་ཕྲན་སོགས་ཁེར་རྐྱང་གི་མེ་དཔུང་དུ་མཆོངས་ནས་ཁྱོད་ལ་ཚེ་སྲོག་གི་མཆོད་པ་འབུལ་བཞིན་འདུག ཏག་ཏག་སྐབས་འདིར། སྟོན་མཇུག་གི་བ་མོའི་སྐྱོ་གར་ལ་འཇིགས་པའི་ལྗོན་པའི་ལོ་འདབ་འགའ། བརྗེད་དཀའ་བའི་མཚན་མོའི་གྱེས་བྲལ་གྱི་ཁྲོད་ནས་ཉམ་ཐག་པའི་རྣམ་ཤེས་ས་གཞིར་སྟིམ་ལ་ཉེ།