《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月11日

༄༅། །ལྷ་སའི་སྐྱེད་ཚལ་རྒྱབ་མ།

རལ་གྲི་སྒང་སྤེན་རྒྱལ།

གཡས་ནས་ཡར་ཆབ་སྔོན་མོ་དལ་གྱིས་རྒྱུ། །

གཡོན་ནས་དྭངས་གཙང་སྐྱིད་ཆུའི་ཟེགས་མ་འཐོར། །

བར་དུ་གྲོང་དང་གྲོང་རྡལ་བཀོད་པ་ལེགས། །

དུས་རབས་གསར་པའི་ཆུ་ཤུར་ཨེ་མ་མཛེས། །

སྲིད་བཟང་ཉིན་བྱེད་དབང་པོའི་ཟེར་བརྒྱ་འཛུམ། །

སྲིད་འབྱོར་པདྨའི་འདབ་བརྒྱ་རྣམ་པར་བཞད། །

ཞིང་འབྲོག་མང་ཚོགས་རྐང་པ་དྲུག་ལྡན་རྣམས། །

དར་དིར་གླུ་དབྱངས་ལེན་འདི་ཨེ་མ་མཛེས། །

སློབ་གསོའི་ལས་དོན་དགུང་གི་ཟླ་བཞིན་གསལ། །

བགྲང་ཡས་སློབ་ཁང་སྐར་མའི་ཚོགས་ལྟར་མང་། །

སྣ་མང་ཚན་རྩལ་བྱེ་བ་མཁའ་ལྟར་ཡངས། །

ཤེས་དཔལ་དར་བའི་ཆུ་ཤུར་ཨེ་མ་མཛེས། །

ཆུ་སྣ་གསུམ་འདུས་རྩྭ་དང་རྩི་ཤིང་འཕེལ། །

མི་རིགས་སྣ་འདུས་མཐུན་སྒྲིལ་དམ་བཅའ་ཟབ། །

བྱ་དང་རི་དྭགས་བག་ཕེབས་ལྷོད་ཀྱིས་རྒྱུ། །

དམངས་རྣམས་བདེ་སྐྱིད་འཚོ་བའི་དཔལ་ལ་རོལ། །

བི་ཤྭ་ཀརྨའི་རྩལ་ལ་འགྲན་པའི་བཟོ། །

བཟོ་རིགས་སྣ་མང་གཉེར་ནས་འབབ་སྒོའི་དངུལ། །

དངུལ་སྨར་ཤག་ཤག་གསོག་པའི་འཛུམ་མདངས་འདི། །

འདི་ཀོ་མཐོ་རིས་གནས་ལའང་ཡོད་རེ་སྐན། །

མི་རིགས་ལག་ཤེས་མངོན་མིན་རིག་གནས་ནི། །

ཀྲུང་ཧྭ་རིག་གནས་ནོར་བུའི་བང་མཛོད་ཀྱི། །

རྩ་ཆེའི་ནོར་བུ་ཞིག་ལ་ཡོངས་བརྩིས་ནས། །

མི་མུས་རྒྱུད་ལ་འཛིན་འདི་ཨེ་མ་རྨད། །

རྙིང་ཞེན་ལྟ་བའི་ནད་འབུ་ཡོངས་སུ་བཅོམ། །

དུས་མཐུན་ཡར་རྒྱས་ལམ་བུ་གསར་པར་བསྐྱོད། །

དེང་རབས་ཞིང་ལས་ཚན་རྩལ་ཡོངས་སུ་དར། །

འཚོ་བའི་མཐུན་རྐྱེན་ཡར་ངོའི་ཟླ་ལྟར་འཕེལ། །

དགའ་བའི་འཛུམ་མདངས་དཔྱིད་ཀྱི་མེ་ཏོག་བཞད། །

རྒྱུན་འཛིན་དགའ་བུའི་ཉམས་བཟང་ཕྱོགས་བཅུར་ཁྱབ། །

ཆུ་སྣ་གསུམ་འདུས་བཀྲ་ཤིས་ལང་ཚོའི་དཔལ། །

ཡིད་ཀྱི་འདུན་པ་དབང་མེད་ཡུལ་འདིར་འཆོར། །

དཀར་ཆ་དོད་པའི་དམངས་ཀྱི་སྡོད་ཁང་སྐྱིད། །

ལྟ་ན་སྡུག་པའི་སྤྱི་གླིང་བཀོད་པ་ལེགས། །

གཅིག་ལས་གཉིས་མཛེས་མགྲོན་ཁང་གྲལ་དུ་སྟར། །

ཟ་ཁང་ཚོང་ཁང་སྤྲོ་གསེང་ཁང་རྣམས་མཚར། །

ལོ་རྒྱུས་ཤུལ་བཞག་མཁས་པ་མགུ་བའི་ཡུལ། །

རྩ་ཆེའི་གནས་མཆོག་དད་ལྡན་སྤྲོ་བའི་ཡུལ། །

མཚོ་དང་གངས་རི་ལྗོངས་རྒྱུར་ཕེབས་པའི་ཡུལ། །

ལྷ་སའི་སྐྱེད་ཚལ་རྒྱབ་མ་ཆུ་ཤུར་མཛེས། །